ལོ་རྒྱུས་མཇུག་གྲིལ་སྨྲ་བའི་ཚོར་འཁྲུལ་དང་ངྷ་རམ་ས་ལའི་གོ་འཛོལ།

ལྷ་སྡེ་གནམ་ལོ་ཡག

ལོ་རྒྱུས་མཇུག་གྲིལ་སྨྲ་བ་ནི་ནུབ་ཕྱོགས་གཡོན་ཤོག་པའི་ལྟ་གྲུབ་ལྟེ་བ་ཡིན་ཞིང་། གཙོ་བོ་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་བ་འགོ་ཚུགས་མཚམས་རཱ་ཤི་ཡ་དམར་ཤོག་གཞུང་འཐོར་ཞིག་ལ་སོང་བ་ནས་ཤུགས་ཆེན་དུ་བསྒྲགས་འགོ་བཙུགས་ཡོད། ཕྱི་ལོ ༡༩༩༢ ལོར་ཨ་རིའི་མི་སེར་ཡིན་པའི་ཉི་ཧོང་གི་མཁས་པ་ཡོ་ཁོ་ཡ་མ་(Francis Fukuyama) ལགས་ཀྱིས་བརྩམས་པའི《ལོ་རྒྱུས་མཇུག་གྲིལ་དང་མཐའ་མཇུག་གི་མི》(The End of History and the Last Man) ཞེས་པའི་སྲིད་དོན་དཔྱད་བརྗོད་བརྩམས་ཆོས་དེ་ནི་དཀྱོགས་མཚམས་ཡན་གར་བ་ཞིག་ཏུ་གྱུར་ཡོད། དེབ་དེའི་ནང་འགྲོ་བ་མིའི་རིགས་ཀྱི་འདུ་ཤེས་འཛིན་སྟངས་བརྒྱུད་འགྱུར་དང་ཡོངས་ཁྱབ་རང་བཞིན་མཇུག་གྲིལ་ཏེ། ནུབ་ཕྱོགས་ཀྱི་རང་དབང་དམངས་གཙོའི་ལམ་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་སྲིད་གཞུང་གི་མཐའ་མའི་ལག་ལེན་དུ་བཤད་ཡོད་ལ། རྩོམ་པ་པོས་དུས་རབས་བཅུ་དགུ་བའི་ནང་གི་འཇར་མན་གྱི་མཚན་ཉིད་རིག་པ་ཆེན་མོ་ཧེ་ངྒིར (G. W. F. Hegelམིང་འདི་ལ་བོད་འགྱུར་ཡོད་ན་འགྱུར་ཐོག་མ་དེ་གཞི་འཛིན་འོས།)དང་མར་ཁེ་སི(Karl Marx) གཉིས་ཀྱི་མཚན་ཉིད་རིག་པ་དང་འདུ་ཤེས་འཛིན་སྟངས་ལ་ཟུར་ལྟ་བྱས་ཡོད་པས། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནི་དཔལ་འབྱོར་འཕེལ་རིམ་གཅིག་ནས་འཕེལ་རིམ་གཞན་ཞིག་ཏུ་མཐུད་འགྱུར་བྱེད་ཀྱི་ཡིན་པའི་ལྟ་བ་ཁུར་ཡོད། དེ་ནི་བར་ལམ་ཞིག་ལ་ཨ་རིའི་དམངས་གཙོ་ཚོགས་པའི་ཕུགས་བསམ་ཆགས་ཡོད་པར་མ་ཟད། དམངས་གཙོ་ཚོགས་པ་གཞུང་འཛིན་པ་ཆགས་ཐེངས་རེ་རེར་སྲ་བརྟན་དུ་གཏོང་གི་ཡོད་པས། སྔར་སྲིད་འཛིན་ཨོ་བྷ་མས་དེང་ཐོག་ལས་ཀྱང་སྲ་བརྟན་དུ་བཏང་ཡོད་པས། ངྷ་རམ་ས་ལའང་ཚོར་འཁྲུལ་དེའི་ནང་དུ་ལྷུང་བཅུག་པ་རེད།

འོ་ན། ལྟ་གྲུབ་འདི་ཚོར་འཁྲུལ་དུ་འགྱུར་དོན་དང་གོ་འཛོལ་ཟེར་དོན་གང་ཡིན་ནམ།  གནད་དོན་འདི་ལ་ཁག་གསུམ་དུ་དབྱེ་ནས་ལྟ་དགོས་པར་སྣང་། དེ་བས། འདི་ནི་དགག་སྒྲུབ་ཁོ་ནའི་རྩོམ་ཐུང་ཞིག་མ་ཡིན་པར་ཤེས་བྱ་རང་ལྡན་པའི་དབྱེ་ཞིབ་ཅིག་ཡིན་ལ། ཁ་བྱང་ལ་འདོད་པ་ཡོད་མིན་གཉིས་ཀས་ཀློག་གལ་ཤིན་ཏུ་ཆེ།

དང་པོ། ལོ་རྒྱུས་མཇུག་གྲིལ་སྨྲ་བའི་རྨང་འདིངས་མཁན་ནི་ཧེ་ངྒིར་དང་དེ་ནས་ཕྱི་ལོ ༡༨༦༡ ལོར་ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་གྲངས་རིག་པ་བ་ཆེན་མོ་ཁོར་ནོའུ(Antoine Augustin Cournot) ལགས་ཀྱིས་གྲོང་ཁྱེར་ཅན་གྱི་སྤྱི་ཚོགས་གྲུབ་པར་གཞི་བཅོལ་ནས་ཐོག་མར་བརྡ་ཆད་འདི་བཏོན་པ་ཞིག་རེད། ཡིན་ནའང་། སྐབས་དེ་དུས་དར་ཁྱབ་བྱུང་མི་འདུག ལོ་ངོ་དགུ་བཅུ་གོ་གཅིག་རྗེས་ཀྱི་ཕྱི་ལོ ༡༩༥༢ ལོར་བརྡ་ཆད་འདི་བསྐྱར་དུ་འཇར་མན་ནུབ་མའི་མཚན་ཉིད་རིག་པ་བ་དགེ་ལོང (Arnold Gehlen) གིས་གླེང་ཡོད་པ་དང་། དེ་མཚུངས་སུ་རྒྱལ་ཁོངས་ཧྥ་རན་སི་ཡིན་པའི་རཱ་ཤི་ཡའི་མཚན་ཉིད་རིག་པ་བ་དང་སྲིད་དོན་པ་ཁོ་རྗེ་ཝུ(Alexandre Kojève) ལགས་ཀྱིས་ཧེ་ངྒིར་ལྟ་གྲུབ་འོག་སྐམ་སའི་མཚན་ཉིད་རིག་པའི་ལྟ་གྲུབ་བཏོན་ཏེ། ཡུ་རོབ་མཐུན་ཚོགས་འཛུགས་པར་བསྐུལ་འདེད་དང་ཤུགས་རྐྱེན་བསྐྲུན་ཡོད་པར་མ་ཟད། ཁོང་ནི་ནུབ་ཕྱོགས་དཔོན་རིགས་ཁྲོད་བོད་སྐད། རྒྱ་སྐད། སམ་སྐྲི་ཏའི་སྐད། ལ་ཊིན་སྐད་བཅས་ལ་བྱང་ཆ་ཡོད་མཁན་ཐོག་མ་དེ་ཡིན་པར་སྣང་། (གྲོགས་པོ་རྩོམ་པ་པོ་ཞིག་གིས་ཨ་རིའི་སྲིད་འཛིན་ཉི་ཁུ་སུང་། ཕྱི་སྲིད་བློན་ཆེན་ཁེ་སུན་རྗིར། ད་དུང་གོང་བརྗོད་ཡོ་ཁོ་ཡ་མ་སོགས་ཁོ་རྗེ་ཝུ་ཡི་རྗེས་འཇུག་པ་རེད་ཟེར།) གང་ལྟར་ལྟ་གྲུབ་འདི་བསྐྱར་ནན་བྱེད་དུས་ནི་འཛམ་གླིང་ཤར་ནུབ་གཉིས་ཀྱི་བར་དུ་གྲང་དམག་བྱུང་ཟིན་པར་འཁེལ་ཡོད་ལ། ནུབ་ཕྱོགས་པས་འཛམ་གླིང་འདི་བཞིན་དམངས་གཙོ་དང་རང་དབང་གི་ལྟ་གྲུབ་གཅིག་གི་འོག་ཏུ་བཅུག་རྗེས། དཔལ་འབྱོར་ཡང་གཅིག་གྱུར་ཅན་ལ་ཡོང་རེ་དམིགས་ཡོད་པའང་ཞོར་དུ་ཤེས་ཐུབ་པ་ཞིག་རེད།

ནུབ་ཕྱོགས་ཀྱི་སྤྱི་ཚོགས་འཕེལ་རིམ་སྟེང་ནས་བཤད་ན།  ལྟ་གྲུབ་འདི་ལ་གནས་ལུགས་རྩ་བ་ནས་མེད་པ་ཞིག་ཀྱང་མ་རེད། རྒྱུ་མཚན་ནི་ནུབ་ཕྱོགས་ཀྱི་ཤེས་རིག་གི་འབྱུང་ཁུངས་གནའ་བོའི་གུ་རུ་སི(Greece) ཡིན་པས། གུ་རུ་སིའི་ལུང་བ་དེར་རང་བྱུང་ཁོར་ཡུག་གི་དབང་གིས་མཚོ་འགྲུལ་ཚོང་ལས་འཚོ་ཐབས་གཙོ་བོ་དང་ས་ཞིང་རྨོ་འདེབས་གཞོགས་འདེགས་སུ་གྱུར་ཡོད། གནས་སྟངས་དེའི་འོག་ཏུ་ཚོང་ལས་ནི་མི་དང་མིའི་བར་དུ་འདྲ་མཉམ་འགྲོ་འོང་བསྐྲུན་བྱེད་ཀྱི་རྨང་གཞི་ཆགས་ཡོད་ལ། གོམས་གཤིས་དེའི་འོག་ཏུ་རིམ་བཞིན་མི་དང་མི་འདྲ་མཉམ་ཡིན་པའི་འདུ་ཤེས་གྲུབ་ཏེ། ཕྱིས་སུ་ནུབ་ཕྱོགས་སུ་ཆོད་གན་ལྟ་གྲུབ་འོག་རང་དབང་དམངས་གཙོ་ལེགས་འགྲུབ་བྱུང་བའི་རྨང་གདན་དུ་གྱུར་ཡོད། སྒོས་སུ་ཕྱི་ལོ ༡༩༡༩ ལོར་འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་གྲིལ་བར་བསྟུན་ནས་རྒྱལ་སྤྱིའི་མནའ་འབྲེལ་ལྷན་ཚོགས་སྟེང་བཞག་པའི་ཝུར་སའེ་ཞི་ཆིངས(Treaty of Versailles) ནི་ཐག་གཅོད་རང་བཞིན་ལྡན་པའི་གོམ་སྟབས་ཤིག་སྟེ། ལོ་དེ་ནས་བཟུང་སྟེ་རྒྱལ་ཁབ་ཕན་ཚུན་བར་དུ་མངའ་ཁོངས་རྒྱ་བསྐྱེད་ཡོང་མི་ཆོག་པ་བཟོས་ཡོད། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་པེ་དབྱང་སྲིད་གཞུང་ཡང་ཚོགས་ཆེན་དེར་ཞུགས་ནས་ཆ་ཤས་བླངས་ཡོད། རྒྱབ་ལྗོངས་དེའི་འོག་ནས་རྗེས་སུ་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་གྲིལ་རྗེས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པ་རེད་ལ། འཛམ་གླིང་འཁྲུག་ཆེན་གཉིས་པའི་ནང་ཕམ་མཁན་རྒྱལ་ཁབ་ཁག་གི་མངའ་ཁོངས་གཞན་ལ་ཤོར་མེད། ཡིན་ནའང་། ཕྱི་ལོ ༡༩༥༡ ལོ་ནས་བོད་ཀྱི་མངའ་ཁོངས་རྒྱ་ནག་དམར་ཤོག་གཞུང་ལ་ཤོར་ཡོད་པར་མ་ཟད། ཕྱི་ལོ ༢༠༢༠ ལོར་ཨ་རིས་ཕྱི་ལོ ༡༩༧༡ ལོ་ནས་རྒྱ་ནག་དམར་ཤོག་ཐོག་འཛིན་པའི་སྲིད་ཇུས་ལེགས་འགྲུབ་བྱུང་མེད་པར་ངོས་འཛིན་བྱས་ཡོད་ལ། ད་ལྟ་ཨ་རིའི་དམངས་གཙོ་ཚོགས་པའི་གཞུང་གིས་ཀྱང་དེ་ལྟར་ངོས་འཛིན་མི་བྱེད་ག་མེད་ཆགས་ཡོད། རྩོམ་ཡིག་འདི་འབྲི་དགོས་དོན་ཡང་དུས་སྐབས་འདིར་འཁེལ་ཡོད་པས་ཡིན།

གཉིས་པ། ལོ་རྒྱུས་མཇུག་གྲིལ་ཏེ་འཛམ་གླིང་འདི་གཅིག་གྱུར་ཅན་ལ་དམིགས་པའི་ནུབ་ཕྱོགས་གཡོན་ཤོག་པའི་ལྟ་གྲུབ་དེ་བཞིན་གོང་སྨྲས་ལྟར་དུས་རབས་བཅུ་དགུ་བའི་ནང་གི་འཇར་མན་གྱི་མཚན་ཉིད་རིག་པ་ཆེན་མོ་ཧེ་ངྒིར(G. W. F. Hegel) དང་ཁོང་གི་ཤེར་རྟོགས་སྨྲ་བའི་རྗེས་འཇུག་པ་མར་ཁེ་སི(Karl Marx)གཉིས་ཀྱི་མཚན་ཉིད་རིག་པ་དང་འདུ་ཤེས་འཛིན་སྟངས་ལ་ཟུར་ལྟ་བྱས་ཡོད་པས། ཕུགས་བསམ་ཡག་མིན་ལ་མ་ལྟོས་པར་ལག་ལེན་ནང་འདེབས་སྐབས་འཛམ་གླིང་འདི་དབང་ཆེན་དང་རྒྱུ་ཆེན་ཚོའི་རྩེད་རར་འགྱུར་རྒྱུ་དང་མང་ཚོགས་འཇོན་པོ་ཚོར་རོགས་དངུལ་ཉུང་ཙམ་རེག་སྲིད་མོད། མི་འབོར་དུང་ཕྱུར་བདུན་ཅུ་ལྷག་ལ་རོགས་བསྐྱོར་ཡོང་ཐབས་མེད་པའང་ཞོར་དུ་ཤེས་ཐུབ་པ་ཞིག་ཡིན། ཡིན་ནའང་། མར་ཁེ་སིའི་གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་འོག་འཚར་ལོངས་བྱུང་ཞིང་སྟོབས་ཤུགས་རྒྱས་ཀྱིན་པའི་རྒྱ་ནག་དམར་ཤོག་གཞུང་ལ་ཁ་བཤད་དམངས་གཙོའི་འོག་ལག་ལེན་གཅིག་སྡུད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པས། འཛམ་གླིང་གཅིག་གྱུར་ཅན་དེའི་ཁ་ལོ་བསྒྱུར་བའི་དབང་ཤུགས་འཕྲོག་རྩོད་ཀྱི་འགྲན་ཡར་ལངས་པ་རེད།

དུས་ཡུན་འདིར་རྒྱ་ནག་དམར་ཤོག་གཞུང་དང་མཉམ་དུ་ལོ་ངོ་དུ་མར་ཚོང་རྒྱག་མྱོང་མཁན་གྱི་ནུབ་ཕྱོགས་ཀྱི་ཕྱུག་པོ་ཚོར་མཚོན་ན་གོ་སྐབས་འཛིན་སྟངས་གཅིག་ཤེས་ཡོད་པ་ནི་དམར་ཤོག་གཞུང་གིས་ཁ་གཡར་ས་ནི་རྒྱ་ནག་ཐུན་མོང་གི་རྒྱལ་གཅེས་ཁེ་ཕན་ཡིན་པས།  མང་ཚོགས་ལ་བཙན་དབང་བསྒྱུར་སྟངས་དང་། སྒོས་སུ་བོད་དང་ཡུ་གུར། ཧོང་ཀོང་འདུ་བའི་དབང་བསྒྱུར་ཡུལ་ལུང་གཉོམ་ཆུང་ཁག་དགྲ་རུ་བཟོས་ནས་རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ངར་ཤུགས་སློང་བྱེད་དུ་བཀོལ་བཞིན་པར་མིག་ཡ་གཅིག་བཙུམས་ཏེ། རྒྱ་ནག་མི་རིགས་ལ་གནའ་སྔ་མོ་ནས་ཡོད་པའི་ངོ་སྲུང་རིག་གཞུང་དང་བསྟུན་ཐབས་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་ནུབ་ཕྱོགས་ཀྱི་སྲིད་དོན་ཚོགས་སྡེ་ཁག་དང་ནུབ་ཕྱོགས་པས་རོགས་བསྐྱོར་བྱེད་ཡུལ་ཁག་ལའང་བྱེད་སྟངས་དེ་བཞིན་ཤོག་བུ་སྣུམ་ཟོས་ལྟ་བུའི་ཤུགས་རྐྱེན་སྤྲོད་ཡུལ་ཆགས་ཡོད་པ་རེད། མ་བསམ་ས་ནས་ལོ་རྒྱུས་མཇུག་གྲིལ་སྨྲ་བའི་ལྟ་གྲུབ་དེ་བཞིན་འཛམ་གླིང་སྟེང་དུ་རང་དབང་དམངས་གཙོའི་ལམ་ལུགས་མཇུག་གྲིལ་ཉེན་ཡོད་པའི་ཕྱོགས་སུ་འཕེལ་འགོ་ཚུགས་ཡོད། དེ་བས། ཨ་རྒྱའི་བར་དུ་དཔལ་འབྱོར་ལ་ཁ་གཡར་བའི་དོན་དངོས་སུ་འདུ་ཤེས་འཛིན་སྟངས་ལས་འཕྲོས་པའི་ལམ་ལུགས་སྲུང་སྐྱོབ་ཐད་ལ་དུ་བ་མེད་པའི་འཐབ་འཁྲུག་རྒྱག་འགོ་ཚུགས་ནས་དེང་སྐབས་རྒྱུན་མཐུད་ཀྱིན་པ་ལྟར་རེད། ཡིན་ནའང་། ནུབ་ཕྱོགས་ཀྱི་ཕྱུག་པོ་ཚོས་རྒྱ་ནག་དམར་ཤོག་གཞུང་དང་ཚོང་བརྒྱབ་ནས་ཁེ་བཟང་ཟ་རྒྱུ་ལས་འཛམ་གླིང་རང་དབང་དམངས་གཙོར་འགྱུར་རྒྱུའི་ཕུགས་བསམ་དེ་དོར་ཟིན་ལ། ད་དུང་ཡང་ཁོ་རང་ཚོའི་ཁེ་བཟང་སྲུང་ཐབས་ཀྱི་དཔུང་ཤུགས་སྲ་བརྟན་དུ་གཏོང་བཞིན་ཡོད། སྟབས་མ་ལེགས་པར་ངྷ་རམ་ས་ལ་ད་དུང་ཡང་གཡོ་སྒྱུ་དེའི་འོག་ཏུ་ཚུད་དེ་བསམ་ཞིབ་བྱེད་ཤེས་ཀྱི་མེད་པའམ་བྱེད་ཕོད་ཀྱི་མེད། དེ་ནི་དོན་གྱི་གོ་འཛོལ་ཡ་ང་བ་ཞིག་ཀྱང་ཆགས་ཡོད།

ལར་ནས་རྒྱ་ནག་ནང་ཕྱི་ལོ ༡༩༡༢ ལོར་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ཏེ་དེང་གི་བར་རང་དབང་དམངས་གཙོར་འགྱུར་ཐབས་ཀྱི་ལས་འགུལ་སྤེལ་ནས་ལོ་བརྒྱ་དང་ཉི་ཤུ་འགོར་ཡོད། ད་དུང་ཡང་རང་དབང་དམངས་གཙོར་འགྱུར་ཐུབ་ཀྱི་མེད་དོན་གང་ཡིན་ནམ། གནད་དོན་འདི་ལ་ཤར་ནུབ་ཀྱི་མཁས་པ་མང་བོས་དགོངས་ཚུལ་བཏོན་ཡོད། ཡིན་ནའང་། མང་ཆེ་བས་རང་ཉིད་འཚར་ལོངས་བྱུང་སའི་ཁོར་ཡུག་ལ་དཔེ་བླངས་ཡོད་པས། དོན་ཐོག་ཏུ་འཁེལ་ཐུབ་མེད། དོན་ལ་རྒྱ་ནག་ནི་ཞིང་བའི་སྤྱི་ཚོགས་ཤིག་སྟེ། འབྲོག་པ་ནང་བཞིན་གནས་སྤོར་ཆོག་ཆོག་དང་གནག་ཕྱུགས་རེ་འགའ་གཞན་གྱིས་འཕྲོག་ཀྱང་གྱོང་ལས་འཚོ་སྡོད་ལ་ཉེན་ཁ་མེད་པ་ཞིག་མིན་པར་མ་ཟད། ཚོང་བའི་ཚོང་རྫས་ནང་བཞིན་རྨོ་ཞིང་གཞན་ལ་བཙོང་ན་མུག་ཤི་ཐེབས་པ་ལས་ལམ་ཁ་གཞན་མེད། དེ་བས། ལོ་ངོ་སྟོང་ཕྲག་མང་བོར་སྤྱི་དོན་ཆེད་སྒེར་དོན་དོར་དགོས་པའི་ཀུན་སྤྱོད་མ་ལག་ཚད་ལྡན་ཞིག་བསྐྲུན་ཡོད་པར་མ་ཟད། རྒྱལ་བོ་བློན་པོ་ཕ་དང་བུ་ཡིས་སྐྱོང་ཞེས་རྒྱལ་ཁབ་ལས་དབང་ཆ་ཆེས་ཆེ་བ་རྒྱལ་བོ་དང་དེ་ལ་གཞོགས་འདེགས་བྱེད་མཁན་ནི་བློན་པོ་དང་། ཁྱིམ་ཚང་ནང་གི་དབང་ཆ་ཆེས་ཆེ་བ་ནི་ཕ་དང་དེ་ཡི་རྒྱུད་འཛིན་པ་ནི་བུ་ཡིན། ད་དུང་གནའ་བོའི་རྒྱ་ནག་ནི་རྨོ་འདེབས་ས་ཁུལ་ཡག་ཤོས་ཤིག་ཡིན་པ་ལས་ཚོང་ལས་ཀྱི་ལམ་ཁ་ཆེར་མེད་པས། ཚོང་བ་ནི་རིགས་དམའ་ཤོས་སུ་བགྲངས་ཡོད། དཔེར་ན། རྒྱ་ནག་སྤྱི་ཚོགས་ནི་ཤེས་ཡོན་པ། ཞིང་བ། བཟོ་བ། ཚོང་བ་བཞི་རུ་དབྱེ་ཞིང་། བཟོ་བ་དང་ཚོང་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད། དེའང་སྐབས་དེའི་རྒྱ་ནག་ལ་མཚོན་ན་འཚོ་གནས་ཀྱི་གནད་དོན་ཞིག་ཡིན་པས། ནོར་འཁྲུལ་དུ་བཤད་དཀའ་ཡང་། ལྟ་གྲུབ་དེ་མུ་མཐུད་རྒྱུད་འཛིན་བྱས་ཡོད་པས། དེང་སྐབས་རྒྱ་ནག་སྤྱི་ཚོགས་དེ་བཞིན་རང་དབང་དམངས་གཙོར་འགྱུར་བར་འགོག་རྐྱེན་བཟོ་བཞིན་ཡོད། རྒྱུ་མཚན་ནི་དོན་ལ་རང་དབང་དང་དམངས་གཙོའི་ལམ་ལུགས་ནི་བཟོ་ལས་དང་ཚོང་ལས་དཔལ་ཡོན་གྱི་ཐོན་རྫས་ཤིག་ཡིན་པས། རྒྱ་ནག་སྤྱི་ཚོགས་ངོ་གདོང་ནས་བཟོ་ལས་དང་ཚོང་ལས་ཅན་ལ་འགྱུར་ཟིན་ཡང་བསམ་བློའི་ཆ་ནས་དེ་ལ་སླེབས་ཐུབ་མེད།(བོད་པ་དང་ནང་ཆོས་ཀྱི་འབྲེལ་བའང་དེ་ལྟ་བུ་ཞིག་རེད།) དེའང་རྒྱ་ནག་དམར་ཤོག་གཞུང་གིས་བརྡ་འཕྲིན་གཏན་འགོག་དང་མི་རིགས་རིང་ལུགས་ཀྱི་དྲིལ་བསྒྲགས་བཅས་ནི་མང་ཚོགས་ཀྱི་བློ་མིག་མུ་མཐུད་དུ་ལྡོངས་དོན་གྱི་ཕྱི་རྐྱེན་ཆེས་ཤོས་དེ་ཡིན་མོད། རྩ་བའི་གོམས་སྲོལ་ཁྲོད་འཇགས་པའི་གཡོག་གཤིས་དེ་ནི་ནང་རྐྱེན་ངོ་མར་བཤད་ཆོག

གསུམ་པ། གོང་དུ་བརྗོད་ཟིན་པ་ལྟར། ཕྱི་ལོ ༡༩༡༩ ལོར་འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་གྲིལ་བར་བསྟུན་ནས་རྒྱལ་སྤྱིའི་མནའ་འབྲེལ་ལྷན་ཚོགས་སྟེང་བཞག་པའི་ཝུར་སའེ་ཞི་ཆིངས(Treaty of Versailles) ནི་ཐག་གཅོད་རང་བཞིན་ལྡན་པའི་གོམ་སྟབས་ཤིག་སྟེ། ལོ་དེ་ནས་བཟུང་སྟེ་རྒྱལ་ཁབ་ཕན་ཚུན་བར་དུ་མངའ་ཁོངས་རྒྱ་བསྐྱེད་ཡོང་མི་ཆོག་པ་བཟོས་ཡོད། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་པེ་དབྱང་སྲིད་གཞུང་ཡང་ཚོགས་ཆེན་དེར་ཞུགས་ནས་ཆ་ཤས་བླངས་ཡོད། ཡིན་ནའང་། རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་སྤྱིའི་དམར་ཤོག་སྟོབས་ཤུགས་ཀྱི་འཐབ་ཇུས་ལག་བསྟར་གྱིས་བོད་ལ་བཙན་འཛུལ་དང་མངའ་ཁོངས་བཙན་བཟུང་བྱས་ཡོད། དོན་ལ་དེ་ནི་རྒྱ་ནག་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། སྔར་ཝུར་སའེ་ཞི་ཆིངས་ནང་དུའང་ཞུགས་ཡོད་པས། བོད་ཁོངས་བཙན་བཟུང་ནི་རྦད་དེ་ཁྲིམས་འགལ་ཆགས་ཡོད། གནད་དོན་འདི“བོད་ཀྱི་གནས་བབ”ནང་གླེང་སློང་གནང་འདུག་མོད། ངྷ་རམ་ས་ལས་ཧ་མ་གོ་བའམ་དོ་སྣང་བྱེད་ཐུབ་མི་འདུག དེ་ཕྱོགས་གཅིག་ཡིན།

ཕྱོགས་གཞན་གཅིག་ནས་ཚང་མས་ཤེས་ཐུབ་པ་ནི་རྒྱ་ནག་དམར་ཤོག་གཞུང་གིས་ཅིའི་ཕྱིར་བོད་རྒྱ་ཁོངས་ཡིན་ཚུལ་སྒྲུབ་ཀྱི་ཡོད་པའི་རྒྱབ་ལྗོངས་ཀྱང་འདི་རེད། དེང་ཐོག་ཕྱི་ལོ ༡༩༥༠ ལོའི་ཟླ༡ ཚེས༢ ཉིན་མའོ་ཙེ་ཏུང་གིས་རཱ་ཤི་ཡ་དམར་བོའི་གཞུང་གི་ཆེས་མཐོའི་དབུ་ཁྲིད་སི་ཏ་ལིན་གྱི་བཀའ་རྒྱའི་འོག་བོད་ལ་བཙན་འཛུལ་ལག་བསྟར་བྱེད་གཏན་འཁེལ་བའི་ཏར་འཕྲིན་ནང་གསལ་དོན།“བོད་ལ་མི་འབོར་ཉུང་ནའང་། རྒྱལ་སྤྱིའི་གནས་བབ་གལ་ཆེན་བཟུང་ཡོད། ང་ཚོས་ངེས་པར་དུ་འཛིན་བཟུང་བྱེད་དགོས་པར་མ་ཟད། མི་དམངས་དམངས་གཙོའི་བོད་ཅིག་ཏུ་བསྒྱུར་དགོས”ཞེས་སྐབས་དེའི་རྒྱལ་སྤྱིའི་དམར་ཤོག་སྟོབས་ཤུགས་ཀྱི་གསར་བརྗེ་ཁ་གཡང་བརྗོད་ཡོད་པ་ལས་རྒྱ་ནག་ལ་བོད་ཐོག་བདག་དབང་ཡོད་ཚུལ་ཟུར་ཙམ་ཡང་གླེང་མེད། ཡིན་ནའང་། བོད་དེ་བཞིན་འཛམ་གླིང་སྟེང་གི་སྟོབས་ཤུགས་གཉིས་ཏེ། རང་དབང་ལུགས་ཀྱི་སྟོབས་ཤུགས་དང་དམར་ཤོག་རིང་ལུགས་སྟོབས་ཤུགས་ཀྱི་འཕྲོག་རྩོད་ལྟེ་བ་ཆགས་ཡོད་པས། སི་ཏ་ལིན་གྱི་ཇུས་འགོད་འོག་ཨ་རིའི་སྟོབས་ཤུགས་འགོག་སླད་ཀོ་རི་ཡའི་དམག་འཁྲུག་བསླངས་ཡོད་ཅིང་། རྒྱ་ནག་དམར་ཤོག་གཞུང་ལ་དམག་འཐབ་ཀྱི་འགན་བཀལ་ཡོད།

ཕྱི་ལོ ༡༩༥༢ ལོར་རྒྱ་ནག་དམར་ཤོག་གཞུང་གི་སྐབས་དེའི་ཕྱི་འབྲེལ་བློན་ཆེན་དང་སྲིད་བློན་གཅིག་ལྕོགས་ཀྲུའུ་ཨིན་ལེ་རཱ་ཤི་ཡར་བསྐྱོད་ནས་རྒྱ་ནག་དམར་ཤོག་གཞུང་གི་ལོ་ལྔ་ཚན་དང་པོའི་འཆར་གཞིའི་སྙན་སེང་ཞུ་སྐབས། སི་ཏ་ལིན་གྱིས་གཅིག་ནས་རྒྱལ་སྤྱིའི་དམར་ཤོག་རིང་ལུགས་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་སྟེ། གོང་བརྗོད་ཝུར་སའེ་ཞི་ཆིངས(Treaty of Versailles) ནང་མངའ་ཁོངས་རྒྱ་བསྐྱེད་མི་ཆོག་པར་གཡོལ་ཐབས་དང་གཉིས་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཀོ་རི་ཡའི་དམག་འཁྲུག་གི་རྐང་འགན་ཁུར་བར་ལེགས་གསོལ་ཆེད།“བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ”དངོས་སུ་བཤད་པར་མ་ཟད། “བོད་ཀྱི་བླ་མ་ཚོར་སུ་ཡིས་དངུལ་དངོས་སྤྲད་ན་དེ་ཡི་རྗེས་སུ་རྒྱུགས་ཀྱི་རེད”ཅེས་ལམ་སྟོན་བྱས་ཡོད་པ་རེད། དེ་ནས་བཟུང་སྟེ་རྒྱ་ནག་དམར་ཤོག་གཞུང་ནམ་རྒྱུན་ཞེད་སའི་མི་རིགས་རིང་ལུགས་དང་རྒྱལ་སྤྱི་རིང་ལུགས་འགལ་ཟླ་ཡིན་པ་ལས་གྲོལ་ཏེ། མངོན་གསལ་དོད་པོས་བོད་རྒྱ་ཁོངས་ཡིན་ཟེར་བ་སྒྲུབ་འགོ་ཚུགས་པ་རེད། ཐོག་མར་ཡ་ཧན་ཀྲང་གིས“ཏཱ་ལའི་བླ་མའི་རྣམ་ཐར”དང“པཎ་ཆེན་བླ་མའི་རྣམ་ཐར”ཟེར་བ་བྲིས་ཏེ་ནང་ཁུལ་གྱི་ཟུར་ལྟར་སྤྲད་ཡོད་པར་མ་ཟད། གཙུག་ལག་ཁང་དང་གཙང་བཀྲ་ཤིས་ལྷུན་པོའི་ཡིག་ཚགས་ཁྲོད་བྱུང་བའི་གོར་བོད་དམག་འཁྲུག་དང་འབྲེལ་བའི་མིང་མེད་ལོ་རྒྱུས་ཟིན་བྲིས་ཤིག་ལ“བོད་སྡོད་ཨམ་བན་གྱི་དབང་ཆ་སོ་དགུ”ཞེས་བཏགས་ནས་རྒྱ་ཡིག་ནང་བསྒྱུར་ཡོད་ཅིང་། ཡིག་ཆ་དེར་རིམ་པས་རྒྱ་ཡིག་གི་འགྱུར་གསུམ་ཐོན་འདུག དེང་སྐབས“བོད་ནང་གཏན་འབེབས་བྱས་པའི་རྕོད་འདུམ་རྗེས་ཀྱི་རྩ་འཛིན་སོ་དགུ་མ”( 欽定藏內善後章程二十九條 མིང་འདིར་འགྱུར་སྔ་མ་ཡོད་ན་ལོ་རྒྱུས་མི་འཁྲུག་པའི་ཆེད་དུ་མིང་དེ་གཞི་འཛིན་འོས།)ཟེར་བ་འདི་རེད། འདི་ནི་རྒྱ་ཡིག་དང་མན་ཡིག་གི་འགྱུར་གང་ཡང་མེད་པའི་ཡིག་ཚགས་ལྡོམ་པོ་ཞིག་ཡིན་ནའང་། དེང་སྐབས་རྒྱ་ནག་དམར་ཤོག་གཞུང་གིས་དེ་ནི་མན་ཇུར་བོད་ལ་བདག་དབང་ཡོད་ཚུལ་གྱི་སྒྲུབ་བྱེད་དུ་བཀོལ་བཞིན་ཡོད་ལ། ནུབ་ཕྱོགས་ཀྱི་མཁས་པ་ཁག་ཅིག་ཀྱང་དེ་ཡི་རྗེས་སུ་འབྲངས་ཀྱིན་ཡོད། འདི་ལས་ཤེས་ཐུབ་པ་ནི་སྐབས་དེའི་སྲིད་འགན་འཁུར་མཁན་ཚོས་བོད་པ་ནང་ཁུལ་གྱི་སྟོབས་ཤུགས་ཁག་གནོན་ཆེད་རྫུན་བཟོ་དང་བེད་སྤྱོད་བཏང་བ་ཞིག་ཡིན་པ་ནི་འགྱུར་གཞན་མེད་པའི་ཁར། མན་ཇུའི་གཞུང་གི་ཡིག་ཚགས་རྙིང་བའི་ཁྲོད་དུའང་མེད་པ་ལས་ཤེས་ཐུབ།

རྒྱ་ནག་དམར་ཤོག་གཞུང་གིས་སྒོས་སུ་ཕྱི་ལོ ༡༩༨༧ ལོ་ནས་བཙུགས་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཟེར་བའི་ལས་འགན་དང་པོ་ནི་བོད་རྒྱ་ཁོངས་ཡིན་པ་སྒྲུབ་རྒྱུ་དེ་རེད། ཡིན་ནའང་། ཁོང་ཚོས་ལས་འགན་དེ་དེ་རིང་ད་དུང་ཡང་ལེགས་འགྲུབ་བྱུང་ཐུབ་མེད། དགོད་བྲོ་བའི་འཁྲབ་སྟོན་ཡང་རེ་འགའ་བྱས་ཡོད། དཔེར་ན། “བོད་ས་གནས་སྲིད་གཞུང”ཟེར་བ་འདི་ཕྱི་ལོ ༡༩༥༡ ལོའི“གྲོས་མཐུན་དོན་ཚན་བཅུ་བདུན”ཟེར་བའི་ནང་ཐོག་མར་བྱུང་བ་ཞིག་ཡིན་ནའང་། རྒྱ་དམར་གཞུང་གིས་ད་ལྟ“ས་གནས་སྲིད་གཞུང”ཟེར་བའི་མིང་འདི་ས་སྐྱ་ཕག་གྲུ་དགའ་ལྡན་ཕོ་བྲང་བཅས་ལ་སྦྱར་ཏེ་ལོ་རྒྱུས་རྫུན་བཟོ་བྱས་བྱེད་ཀྱིན་ཡོད། ད་དུང“བཀའ་བསྟན”གྱི་མཚན་ལའང“ཀྲུང་ཧྭའི་བཀའ་བསྟན”ཞེས་བསྒྱུར་ཡོད། དེའི་མ་ཚད་སྔར་དགའ་ལྡན་ཕོ་བྲང་ཡིག་ཚགས་ཁྲོད་གཙང་བཀྲ་ཤིས་ལྷུན་པོར་ཕྱི་ལོ ༡༧༠༧ ལོར་བསྩལ་བའི་ཁྲལ་སྒོ་རང་སྐྱོང་གི་བཀའ་རྒྱའི་ནང“བླ་བྲང་རང་བཙན”ཞེས“རང་བཙན”ཞེས་པའི་མིང་ཚིག་འདི་ཉུང་མཐར་བོད་ཡིག་ནང་བྱུང་ནས་ལོ་ངོ་སུམ་བརྒྱ་ལྷག་འགོར་ཟིན་པར་སྣང་མེད་ཀྱིས་དུས་རབས་ཉི་ཤུའི་ནང་གསར་དུ་བཟོས་པ་ཞིག་ཡིན་པར་ལོག་འགྲེལ་བརྒྱབ་ཡོད།

འདི་དག་ལས་ཤེས་ཐུབ་པ་ནི་འཛམ་གླིང་སྟེང་ཕྱི་ལོ ༡༩༡༩ ལོའི་རྗེས་ནས་བྱུང་བའི་དམག་འཁྲུག་ལས་གཞན་གྱི་མངའ་ཁོངས་ཟོས་མི་ཆོག་པའི་སྤྱི་ཆིངས་ཀྱི་གཏན་འབེབས་དང་རྒྱ་ནག་དམར་ཤོག་གཞུང་གིས་ད་དུང་ཡང་བོད་རྒྱ་ཁོངས་ཡིན་པ་སྒྲུབ་ཐུབ་ཀྱི་མེད་པ་གཉིས་ནི་བོད་ཀྱི་གནད་དོན་འཐབ་རྩོད་ལ་མ་རྩ་ཆེས་ཤོས་དེ་ཆགས་ཡོད། དེ་བས། བོད་པ་ཚོ་མགོ་ཚོས་ལ་མ་ཚོས་པའི་ལམ་ནས་ནུབ་ཕྱོགས་གཡོན་ཤོག་པའི་ཚོར་འཁྲུལ་གྱི་རྗེས་སུ་རྒྱུགས་ནས་མུ་མཐུད་དུ་གོ་འཛོལ་འོག་ལྷུང་མི་རུང་བའང་གསལ་བོ་ཆགས་ཡོད། རྒྱུ་མཚན་ནི་རང་དབང་དམངས་གཙོ་མེད་པའི་འཛམ་གླིང་གི་གཅིག་གྱུར་ཞིག་བྱུང་བའི་དབང་དུ་བཏང་ནའང་། དེ་ནི་བཙོན་ཁང་ཆེ་བ་དང་དེང་སྐབས་བོད་ཀྱི་གནས་སྟངས་ནི་བཙོན་ཁང་ཆུང་བ་ཡིན་པའི་ཁྱད་པར་ལས་གཞན་མེད། དེ་བས། བོད་ནི་མ་གྱུར་སེམས་ཅན་གྱི་ལྟ་གྲུབ་འཁུར་མཁན་ཞིག་ཡིན་པའི་ཆ་ནས་བཤད་ནའང་། སེམས་ཅན་གྱི་དོན་དུ་བོད་རང་ལ་བསམ་བློ་མི་གཏོང་ནའང་། རྒྱ་ཆེ་བའི་འཛམ་གླིང་མི་དམངས་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་མ་རེད་དམ། བྱམས་སྙིང་རྗེ་ལའང་ཁ་བཤད་ལས་ལག་ལེན་གཙོ་བ་ཞིག་དགོས་ཀྱི་རེད་འདོད།

ཕྱི་ལོ ༢༠༢༡ ལོའི་ཟླ༡༠ ཚེས༢༨ ཉིན་མཇུག་བསྡུས།