ལོ་ལྔའི་ནང་དྷ་ས་དེང་རབས་གྲོང་ཁྱེར་ཆགས་རྒྱུ་ཡིན་པ།

ཟླ་འདིའི་ཚེས་༢༤ ཉིན་རྒྱ་གར་ལྡི་ལིར། དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་བསྐྲུན་གྱི་རིམ་པ་གཉིས་པའི་ནང་དུ། འདེམས་ཐོན་བྱུང་བའི་གྲོང་ཁྱེར་༡༣ གྱི་མིང་ཐོ་བཏོན་ཡོད་འདུག་པ་དང། དྷ་ས་དེའི་ནང་འདེམས་ཐོན་བྱུང་ཡོད་པ་རེད།

13254458_11765747761_nདེ་ཡང་ལོ་རྗེས་མ་ནས། དྷ་སར་ལོ་ལྔའི་རིང་ལོ་རེར་ཧིན་སྒོར་ཐེར་འབུམ་༢ རེ་འཛུགས་བསྐྲུན་ཆེད་དུ་རྒྱ་གར་དབུས་གཞུང་ནས་སྤྲོད་རྒྱུ་ཡིན་པ་དང། དེ་ཡང་ལོ་ལྔའི་རིང་ཁྱོན་བསྡོམས་ཧིན་སྒོར་ཐེར་འབུམ་༡༠། དྷ་ས་དེ་ཉིད་དེང་རབས་ཅན་གྱི་གྲོང་ཁྱེར་ལ་འཛུགས་སྐྲུན་བྱེད་ཆེད་དུ་ཐོབ་རྒྱུ་ཡིན་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། དྷ་སར་ཐོག་བརྩེགས་མང་པོ་ཅན་གྱི་རླངས་འཁོར་དང་སྦག་སྦག་བཀག་འཇོག་བྱེད་ཡུལ་མང་དུ་གཏོང་རྒྱུ། དེ་བཞིན་འགྲུལ་ལམ་རྒྱ་ཆེ་རུ་གཏོང་རྒྱུ། རྐང་ལམ་རིང་དུ་གཏོང་རྒྱུ། འགྲུལ་སྐྱེལ་རླངས་འཁོར་མང་དུ་དང་ཡག་ཏུ་གཏོང་རྒྱུ་སོགས་ཀྱི་ལས་འཆར་མང་པོ་ཞིག་ཡོད་འདུག

དེ་སྔོན་ཟླ་༡ པོའི་ནང། རྒྱ་གར་དབུས་གཞུང་གིས་རྒྱ་གར་གྲོང་ཁྱེར་ཁག་ལ་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་བསྐྲུན་ལས་གཞིའི་རིམ་པ་དང་པོའི་ནང་གྲོང་ཁྱེར་༢༠ ཡི་མིང་བཏོན་ཡོད་ཀྱང། དྷ་ས་དང་སིམ་ལའི་མིང་བཏོན་མེད་པ་རེད། དེ་ཡང་ཕྱི་ལོ་༢༠༡༥ ལོའི་ཟླ་༨ པའི་ཚེས་༢༧ ཉིན་རྒྱ་གར་གཞུང་གིས་དེང་རབས་ཅན་གྱི་གྲོང་ཁྱེར་བསྐྲུན་འཆར་ཡོད་པའི་གྲོང་ཁྱེར་༡༠༠ ཡི་མིང་གཞུང་བཏོན་པས། ཧི་མ་ཅཱལ་མངའ་སྡེའི་ནང་དྷ་ས་གཅིག་པུ་འདེམས་ཐོན་བྱུང་བར། ས་ཁུལ་དེའི་མི་མང་པོས་དགའ་བསུ་ཞུས་ཡོད་ཀྱང། ཟླ་༡༢ ནང་སིམ་ལཱའི་ས་གནས་འགོ་ཁྲིད་ཀྱིས་དྷ་ས་དེང་རབས་ཅན་གྱི་གྲོང་ཁྱེར་ལས་འཆར་ཁོངས་སུ་འདེམས་ཐོན་བྱུང་བ་དེ་དྲང་བདེན་བརྒྱུད་ནས་མ་ཡིན་པ་དང། སིམ་ལཱ་དེ་དྷ་ས་ལས་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འོས་བབ་ཡོད་སྐོར་གྱི་ཁ་མཆུ་ཞིག། ཧི་མ་ཅཱལ་མངའ་སྡེའི་ཁྲིམས་ཁང་གོང་མའི་ནང་ཞུ་གཏུག་བྱས་ཏེ། ཁྲིམས་དཔོན་གྱིས་ཧི་མ་ཅཱལ་མངའ་སྡེའི་ས་ཁུལ་རྣམས་ལ། དེང་དུས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འོས་བབ་ཡོད་མེད་དཔྱད་ཞིབ་བྱས་ནས། བདུན་ཕྲག་གཉིས་ནང་ཚུད་ལ་འདེམས་ཐོན་བྱུང་བའི་མིང་ཐོ་སྤྲད་དགོས་པའི་ཐག་གཅོད་བྱས་ཡོད་པ་རེད།

ཧི་མ་ཅཱལ་མངའ་སྡེའི་གཞུང་གིས་དཔྱད་ཞིབ་བྱས་ཏེ། དྷ་ས་དང་སིམ་ལཱ་གཉིས་དེང་དུས་གྲོང་ཁྱེར་འཛུགས་སྐྲུན་གྱི་འོས་གཞིར་སྤྲད་འདུག་ཀྱང། ཐེངས་འདིའི་རིམ་པ་དང་པོའི་མིང་ཐོའི་ནང་ས་གནས་གཉིས་ཀ་ཚུད་མེད་པ་རེད་དེ། ཐེངས་འདིའི་རིམས་པ་གཉིས་པའི་ནང་དྷ་ས་འདེམས་ཐོན་བྱུང་ཡོད་པ་རེད།

ལོ་ཤས་སྔོན་ནས་དྷ་སར་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པ་མང་རུ་ཕྱིན་ཡོད་པས། ས་གནས་ཀྱི་ཚོང་ལས་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་པར་བརྟེན་གྱི་ཡོད་པ་རེད། དྷ་སའི་གཡས་གཡོན་གྱི་འགྲུལ་ལམ་ཆུང་བའི་དཀའ་ངལ་དང་། མེག་གྷན་དུ་མགྲོན་ཁང་མང་དུ་ཕྱིན་ཡོད་པས། འཐུང་ཆུའི་དཀའ་ངལ་སོགས་འཕྲད་བཞིན་ཡོད་པས། དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ལས་གཞིའི་འོག།ཁང་གླ་དང་ཟ་འབྲུ་སོགས་ཀྱི་རིན་གོང་ཆེ་རུ་འགྲོ་ཡང་སྲིད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།