ལོ་སྔོན་མ་དང་བསྡུར་ན་སྔོན་རྩིས་བརྒྱ་ཆ་༧་༢༧ ཉུང་དུ་ཕྱིན་འདུག

དེ་རིང་སྐབས་༡༧ པའི་གྲོས་ཚོགས་དུས་ཡུན་༡༡ པའི་འགོ་འཛུགས་སྐབས། དཔལ་འབྱོར་བཀའ་བློན་གྱིས་རྩིས་ལོ་༢༠༢༦ དང་༢༠༢༧ ལོའི་སྔོན་རྩིས་ནང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཁྱོན་བསྡོམས་ཧིན་སྒོར་ས་ཡ་༣༤༠༧.༤༢ འཆར་འབུལ་ཞུས་འདུག གནད་དོན་གཞན་ཞིག་ནི་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ལ་བསྒྱུར་བ་དེ་ང་ཚོ་ལ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་བརྗོད་མཁན་མང་པོ་བྱུང་སོང་།

པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༦ ཉིན་སྐབས་༡༧ པའི་དུས་ཡུན་༡༡ པའི་གྲོས་ཚོགས་ཚོགས་འདུ་འགོ་འཛུགས་གནང་སོང་བ་དང་། གྲོས་ཚོགས་འགོ་འཛུགས་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གྲོས་ཚོགས་དབུ་འབྱེད་ཀྱི་གཏམ་བཤད་གནང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༦-༢༧ ལོའི་རྒྱུན་གྲོན་དང་། དམིགས་བསལ་ལས་དོན། དམིགས་བཀར་ལས་འཆར་བཅས་ཀྱི་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ས་ཡ་༣༤༠༧་༤༢ འཆར་འབུལ་ཞུས་ཡོད་པ་དང་། ཕྱི་ལོ་༢༠༢༥-༢༦ ལོའི་རྒྱུན་གྲོན་དང་། དམིགས་བསལ་ལས་དོན། དམིགས་བཀར་ལས་འཆར་བཅས་ཀྱི་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ས་ཡ་༣༦༧༥་༣ འཆར་འབུལ་ཞུས་ཡོད་པས། སྔ་ལོ་དང་བསྡུར་ན་བརྒྱ་ཆ་༧་༢༩ ། ཡང་ན། ཧིན་སྒོར་ས་ཡ་༢༦༧་༨༨ ཀྱིས་ཉུང་དུ་ཕྱིན་འདུག དེ་དག་ཁྲོད་སྤྱི་ཚོགས་བདེ་དོན་ཆེད་དུ་ཧིན་སྒོར་ས་ཡ་༢༢༥༥་༢༣ དང་། འཛིན་སྐྱོང་ཆེད་དུ་ཧིན་སྒོར་ས་ཡ་༣༥༥་༤༣ ། ཆབ་སྲིད་ཀྱི་ཆེད་དུ་ཧིན་སྒོར་ས་ཡ་༧༩༦་༦༩ འཆར་འབུལ་ཞུ་འདུག སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁྲོད་བསམ་ཚུལ་བཤད་མཁན་མང་པོ་བྱུང་སོང་ལ། སྤྱི་འཐུས་མང་པོ་ཞིག་གིས་ང་ཚོ་ནི་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་པའི་མི་རིགས་ཤིག་ཡིན་པས། ང་ཚོས་རང་དབང་འཐབ་རྩོད་བྱེད་བཞིན་པའི་སྐབས་འདིར་འཐབ་རྩོད་དང་ཆབ་སྲིད་ཆེད་དུ་འགྲོ་གྲོན་མང་བ་གཏོང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། སྤྱི་ཚོགས་ཀྱི་བདེ་དོན་ནི་ནམ་ཡང་རྫོགས་མཐའ་མེད་པ་ཞིག་རེད། སྤྱིར་བཏང་སྤྱི་ཚོགས་བདེ་དོན་ཆེད་དུ་དངུལ་གཏོང་དགོས་ཀྱང་། ལོ་ལྟར་སྤྱི་ཚོགས་བདེ་དོན་ཆེད་ཀྱི་འགྲོ་གྲོན་དེ་སྔོན་རྩིས་ནང་མང་ཤོས་ཆགས་པ་ནི་མི་འོས་པ་ཞིག་རེད་ཅེས་བརྗོད་མཁན་བྱུང་སོང་། ཐེངས་འདིའི་གྲོས་ཚོགས་སྐབས་ཀྱི་གནད་དོན་གལ་ཆེན་གཞན་ཞིག་ནི། སྤྱི་འཐུས་ཁག་ཅིག་གིས་ཨ་རིའི་གཞུང་གི་རོགས་རམ་གཏོང་ལེན་གྱི་ཁྲིམས་ཡིག་ནང་དབུས་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་དུ་ངོས་འཛིན་གནང་བའི་ཚིག་བརྗོད་གསར་པ་བཅུག་ཡོད་པའི་སྐོར་ལ་བསམ་ཚུལ་མང་པོ་ཞིག་བཏོན་གནང་སོང་། སྤྱི་འཐུས་འགའ་ཤས་ཀྱིས་ཨ་རིའི་ཁྲིམས་འཆར་ནང་བོད་དོན་དང་འབྲེལ་བའི་ཚིག་རེ་རེ་ཡིན་ནའང་ཡར་འཇུག་ཐབས་བྱེད་ཀྱི་ཡོད། འོན་ཀྱང་འདི་ལོ་ཡར་ཞུ་མཁན་མེད་པའི་ཐོག་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ལ་བསྒྱུར་བ་དེ་ཧ་ཅང་བཟང་པོ་ཞིག་ཡིན་ནའང་། ང་ཚོའི་ངོས་ནས་དུས་དང་བསྟུན་པའི་འགྱུར་བ་གཏོང་མ་ཐུབ་ཚེ། ནམ་ཞིག་ཨ་རིའི་གཞུང་གིས་ང་ཚོའི་དགོས་མཁོ་ལྟར་ཁྱེད་རྣམས་ཀྱིས་འགྱུར་བ་བཏང་མ་སོང་བས། རོགས་དངུལ་སྤྲོད་ཀྱི་མིན་ཞེས་བརྗོད་ན་དེ་དུས་འཕྱིས་དྲགས་པ་རེད། ལོ་སྔོན་མ་ཨ་རིའི་གཞུང་གིས་རོགས་དངུལ་བཀག་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཨ་རིའི་གཞུང་གིས་རོགས་རམ་གནང་བ་ནང་བཞིན་གྲུབ་འབྲས་ཐོན་མ་ཐུབ་པ་དང་། ཁོང་ཚོའི་མངོན་འདོད་ལྟར་མ་སོང་བའི་རྐྱེན་གྱིས་བཀག་པ་ཡིན་ཚུལ་བརྗོད་སོང་།
སྤྱི་འཐུས་ཤིག་གིས་ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་དུ་ངོས་འཛིན་གནང་བ་ནི་ཧ་ཅང་གི་གཏམ་བཟང་ཞིག་ཡིན་པ་དང་། ལོ་རྒྱུས་ཐོག་ཏུ་གལ་འགག་ཆེན་པོ་ཆགས་རྒྱུ་ཡིན་པས། ཨ་རིའི་གཞུང་གིས་འཛམ་གླིང་ཐོག་ཏུ་བཙན་བྱོལ་བོད་གཞུང་ལ་རོགས་དངུལ་སྤྲོད་ཀྱི་ཡོད་ཅེས་གསལ་བསྒྲགས་གནང་ཟིན་པར་བརྟེན། ང་ཚོའི་ངོས་ནས་གནད་དོན་དེའི་སྐོར་ལ་བསམ་གཞིག་ནན་ཏན་བྱེད་དགོས་ཤིག་རེད། རྒྱུ་མཚན་ནི་ཨ་རིའི་གཞུང་གིས་བཙན་བྱོལ་བོད་གཞུང་ཞེས་བརྗོད་པ་དེའི་ཐོག་ནས་རྒྱ་ནག་ལ་ཆབ་སྲིད་ཐོག་ནས་བརྡ་ལེན་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པ་བརྗོད་སོང་། སྤྱི་འཐུས་གཞན་ཞིག་གིས་ཐེངས་འདིར་ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་མིང་གསར་པ་བཏགས་པ་ནི་ཕྱི་ནས་མིང་བཏགས་པ་ཙམ་ལས། ང་ཚོའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་དེ་ཞིབ་འཇུག་ནན་ཏན་དང་རྒྱུ་མཚན་མང་པོ་ལ་བརྟེན་ནས་བཏགས་ཡོད་པ་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་ཀྱང་བརྗོད་སོང་། སྤྱི་འཐུས་མང་ཆེ་བས་དབུས་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་མིའི་གཞུང་ལ་བསྒྱུར་བ་དེ་ཆབ་སྲིད་ཀྱི་ཐོག་ནས་བརྡ་ལན་ཆེན་པོ་ཞིག་ཡིན་པས། ང་ཚོའི་རང་གི་འཐབ་རྩོད་ཁྲོད་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་རེད་ཅེས་བརྗོད་མཁན་མང་པོ་བྱུང་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།