ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་ལས་བྱེད་འབུམ་༡ ལྷག་ལ་ཆད་པ་བཅད་འདུག

ཟླ་འདིའི་ཚེས་༡༢ ཉིན་(Hindustan) དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ལྐོག་ཟ་རུས་སུངས་ཀྱི་མིང་ཐོག་ནས་ལས་བྱེད་དང་འགོ་ཁྲིད་ཁྱོན་བསྡོམས་༡༡༠༠༠༠ ལྷག་ལ་ཆད་པ་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༩ ཉིན་ཧིན་རྡུ་ཞི་བདེ་རྒྱ་མཚོའི་འཐབ་ཇུས་འབྲེལ་གཏུག་ལྟེ་གནས་ཁང་གིས་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་དུ་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་༡༨ པའི་སྐབས་ནས་བཟུང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ལྐོག་ཟ་རུལ་སུངས་བ་ཚོ་ལ་རྡུང་རྡེག་གི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེའི་ནང་མཐོ་རིམ་འཛིན་སྐྱོང་མི་སྣ་དང་དམག་དཔོན། ཞིང་ཆེན་དང་གྲོང་ཁྱེར་སོགས་ཀྱིི་འགོ་ཁྲིད་མང་པོ་ཞིག་ལ་ཡོངས་གྲགས་ཀྱིས་རྟོག་ཞིབ་བྱས་ཡོད་པའི་གནས་ཚུལ་བཀོད་འདུག་ལ། དེ་བཞིན་ལོ་འདིའི་ཟླ་བ་བཞིའི་ནང་རྒྱ་གཞུང་གིས་འགོ་ཁྲིད་ཁྱོན་བསྡོམས་༡༡༡༠༠༠ ལ་ཆད་པ་བཅད་ཡོད་པ་དང་། འགོ་ཁྲིད་དེ་དག་ལས་ཞིང་ཆེན་རིམ་པའི་འགོ་ཁྲིད་༦༣༣ དང་། རྫོ་ང་རིམ་པའི་འགོ་ཁྲིད་༦༦༩ ། གྲོང་བརྡལ་རིམ་པའི་འགོ་ཁྲིད་༡༠༠༠ ། སྤྱི་བཏང་ལས་བྱེད་གྲངས་༡༥༠༠༠ ། གྲོང་གསེབ་ཁག་ཏུ་ཡོད་པའི་ཚོང་པ་དང་ཚོགས་པ་ཁག་གི་འགན་འཛིན་སོགས་མི་གྲངས་༧༦༠༠༠ ལ་ཆད་པ་བཅད་ཡོད་པའི་གནས་ཚུལ་བཀོད་འདུག

ལོ་འདིའི་ཕྱི་ཟླ་༣ པའི་ནང་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཟླ་རེའི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། ལྐོག་ཟ་རུལ་ཟུངས་དང་འབྲེལ་བའི་གནས་དོན་ཁག་༧༧༧ ལ་ཞིབ་བཤེར་བྱེད་པའི་སྐབས། མི་གྲངས་༡༠༢༨༥ ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ཟླ་འདིའི་ཚེས་༡༠ ཉིན་(ANI) ཞེས་པའི་གསར་ཁང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གསར་འགྱུར་ཞིག་སྤེལ་བའི་ནང་། རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དམར་ཤོག་ཚོགས་པའི་སྐོར་གྱི་དཔྱད་གཏམ་དགུ་(Nine commentaries on the communist Party) ཞེས་པའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་འཛམ་གླིང་ཐོག་ལྐོག་ཟ་རུལ་སུངས་ཀྱི་ཚོགས་སྡེ་ཆེ་ཤོས་དེ་ཆགས་ཡོད་རབས་ཀྱིི་གནས་ཚུལ་བཀོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།