ལྡི་ལི་ས་གནས་བོད་ཀྱི་གཞོན་ལྷན་གྱི་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་དྷ་སར་འབྱོར་སོང་།

བོད་དོན་ལས་འགུལ་བ་མི་གྲངས་བཅོ་ལྔས་སྦག་སྦག་ཞོན་ནས་སྐོར་བསྐྱོད་ཀྱི་ལས་འགུལ་དེ་རྒྱ་གར་བྷིང་ལོར་ནས་འགོ་འཛུགས་བྱས་ཏེ། ཟླ་འདིའི་ཚེས་༨ ཉིན་དྷ་སར་འབྱོར་བ་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་དྷ་ས་མེག་གྷན་དུ་སྣེ་ལེན་བྱས་སོང་།

ལྡི་ལི་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་གྱིས། “ལས་འགུལ་དེ་༢༠༢༡ ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་བྷིང་ལོར་ནས་འགོ་འཛུགས་བྱས་ཡིན་ལ། རྒྱ་ནག་པེ་ཅིང་ཏུ་ཨོ་རྩལ་རྩེད་འགྲན་འཚོར་རྒྱུ་དེ་འོས་བབས་མེད་པས་དེ་ལ་ངོ་རྒོལ་ཆེད་དང་། རྒྱ་གར་གཞུང་ལ་ཨོ་རྩལ་འགྲན་ཚོགས་དེའི་ཐོག་གཞུང་འབྲེལ་ཐོག་ནས་མཉམ་ཞུགས་མི་བྱེད་རྒྱུ་ད་། རྒྱ་གར་གཞུང་མང་གཉིས་ནས་པེ་ཅིང་དུ་ཨོ་རྩལ་རྩེད་འགྲན་འཚོག་རྒྱུར་ངོ་རྒོལ་བྱེད་རོགས་ཞེས་འབོད་སྐུལ་བྱས་ཡོད། དེ་བཞིན་ཨོ་རྩལ་རྩེད་འགྲན་ཚོགས་ཆུང་ལ་ཡང་སྙན་ཞུ་ཕུལ་ཡོད། སྦག་སྦག་ཞོན་ནས་ཉིན་༣༠ རིང་ས་གནས་གཙོ་བོ་༣༣ ལ་སྐོར་བསྐྱོད་བྱས་ཡིན་ལ། དེ་ནི་བོད་ཀྱི་རྒྱལ་ཐོག་༣༣ པ་སྲུང་བཙན་སྒམ་པོའི་སྐབས་སུ་བོད་མི་ཆིག་སྒྲིལ་ཡོད་པས། ད་ལྟ་ཡང་ཆིག་སྒྲིལ་དགོས་པའི་མཚོན་དོན་ཡིན་” ཞེས་འགྲེལ་བརྗོད་གནང་སོང་།

ས་གནས་གཙོ་བོ་བྷིང་ལོར་དང་། གྷོ་ཝ། མ་ཧ་ར་ཤི་ད། གྷུ་ཇི་ཏ་ཐི། ར་ཇི་སི་ཐན། ཨག་ར། ལྡེ་ར་ལྡུན། སིམ་ལ་སོགས་ལ་སྐོར་བསྐྱོད་བྱས་ཏེ། བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་དང་། གསར་འགོད་གསལ་བསྒྲགས། རྒྱ་གར་གྱི་དཔོན་རིགས་ལ་ཐུག་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་གཏུག་བྱས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་ནང་ལས་འགུལ་གྱི་དམིགས་ཡུལ། ༡ དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནས་ཕྱིར་འཐེན་གནས་སྤོས་དགོས། ༢ ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཆ་ཚང་མྱུར་དུ་གློད་བཀྲོལ་གཏོང་དགོས། ༣ བོད་རང་བཙན་འཐབ་རྩོད་ཀྱི་དོན་དུ་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༦༧ རྣམས་ཀྱི་དགོས་འདུན་ཁག་ཁྱབ་བསྒྲགས་དང་། མངོན་འདོད་འགྲུབ་ཐབས་ཞུ་རྒྱུ། ༤ རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

གསར་འགོད་གསལ་བསྒྲགས་ནང་རྒྱ་ནག་གིས་བོད་ལ་དབང་བསྒྱུར་དང་འབྲེལ་ནས་བོད་དོན་ལས་འགུལ་སྐོར་འཁོད་དོན། “རྒྱ་ནག་ནང་འཚོག་རྒྱུ་ཡིན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུའི་འོས་བབས་མེད་པའི་ངོ་རྒོལ་སྐྱོན་བརྗོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་དེ་ཡིན། དེ་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་དངོས་ཤུགས་རྒྱུད་གསུམ་དུ་ལྐོག་གཡོ་ངན་བྱུས་དང་ཐབས་བརྒྱ་ཇུས་སྟོང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་དུ་གཏོང་བ། བོད་མི་རིགས་ཀྱི་རྩ་ཆེའི་དགོན་སྡེ་དང་གནས་རི་ཁག་རྩ་གཏོར་དང་གཏོར་བཤིག་གཏོང་བ། བོད་ཀྱི་སྐྱེ་ཁམས་ ཁོར་ཡུག་དང་བཅས་པར་གཏོར་སྐྱོན་དང་སྦག་གཙོག་སོགས་མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེ་བཟོས་དང་བཟོ་བཞིན་པར་བརྟེན་ད་བར་བོད་མི་རྣམས་འུ་ཐུག་བཟོད་བྲལ་གྱིས་ཕྱི་ནང་གི་བོད་མི་གྲངས་༡༦༧ ཙམ་གྱིས་བོད་རྒྱལ་ ཁབ་དང་མི་རིགས་ཀྱི་བདེ་སྡུག་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་ཡོད་མུས་ཐོག གཞི་རྩའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་”ཅེས་འཁོད་འདུག

གསལ་བསྒྲགས་དེའི་ནང་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་མི་མང་སྤྱིའི་གནས་བབས་སྐོར་འཁོད་དོན། “དམིགས་བསལ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་བོད་ཙམ་མ་ཟད་རྒྱལ་ཁབ་གཞན་གྱི་ནང་དུའང་བཙན་བཟུང་དང་རྒྱ་སྐྱེད་བྱེད་འཆར་གྱི་ཆེད་བོད་གཙོས་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་དོན་གཉེར་བ་རྣམས་ལ་སྔར་ལས་དྲག་གནོན་དང་དམ་དྲག་ཇེ་ཆེར་གཏོང་གི་ཡོད་པ་མ་ཟད། ཤར་ཏུར་ཀི་སི་ཏན་གྱི་མི་སེར་ས་ཡ་ ༡.༨ ནས་ས་ཡ་ ༣ ཙམ་ལ་སློབ་གསོའི་མིང་ཐོག་ནས་ཉེས་མེད་བཀག་ཉར་ནང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཀྱི་བྱ་ སྤྱོད་སོགས་སྤེལ་དང་སྤེལ་མུས་ཡིན་པ་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པར་གསལ་སྟོན་བྱས་ཀྱང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ནས་དགོས་ངེས་ཀྱི་ལག་སྟར་མ་བྱས་པར་དགུན་དུས་ཨོ་རྩལ་དེ་བཞིན་རྒྱ་ནག་ཏུ་འཚོག་རྒྱུར་ཐག་གཅོད་གཏན་འབེབས་བྱས་པར་ངོ་རྒོལ་ཡང་བྱ་རྒྱུ་ཡིན་” ཞེས་འཁོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།