ལྡི་ལིར་བོད་མི་ཞིག་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཕོག་ནས་གྲོངས་ཡོད་འདུག
ཟླ་འདིའི་ཚེས་༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནང་གནས་སྡོད་བོད་མི་ཞིག་ལ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཕོག་ནས་འདས་གྲོངས་སོང་བའི་གནས་ཚུལ་འདུག
ཁོང་ལ་རྒྱུན་དུ་ཁྲག་ཤེད་ཀྱི་ན་ཚ་ཡོད་པ་དང་། སྨན་ཁང་དུ་བསྟེན་གཏུག་སྐབས། ལྡི་ལིའི་Escort སྨན་ཁང་དུ་ཏོག་དབྱིབས་རིམ་ནད་ཕོག་ཡོད་པའི་དོགས་གཞིའི་འོག་བརྟག་དཔྱད་བྱས་འབྲས། ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་ར་འཕྲོད་བྱུང་ཡོད་སྐོར་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་གྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག གྲོངས་མཁན་དེ་རང་ལོ་༦༢ ཡིན་པ་དང་། སྙིང་ནད་ཀྱི་དོགས་གཞིའི་འོག་ཚེས་༣༠ ཉིན་སྨན་ཁང་དུ་བསྐྱལ་བ་ཞིག་ཡིན་འདུག འདས་པོ་ཁོང་གི་ནང་མིས་གཙོས་པའི་འབྲེལ་ཡོད་མི་སྣ་༡༣ ཙམ་ད་ལྟའི་ཆར་ཟུར་བཀག་འོག་བཞག་པ་དང་འབྲེལ་ས་གནས་སུ་རྒྱ་གར་གྱི་ལམ་སྟོན་གནང་དོན་ལྟར་སྔོན་འགོག་གི་ལས་གཞི་སྤེལ་མུས་ཡིན་འདུག་ལ། དམིགས་བསལ་གྱིས་ལོ་ན་ཆེ་བ་ཚོ་བརྟག་དཔྱད་བྱེད་ཀྱི་ཡོད་འདུག
དེ་བཞིན་ཉེ་སྔོན་བསམ་ཡས་གླིང་གི་སྔགས་པ་གྲྭ་ཚང་དུ་ལས་ཀ་བྱེད་མཁན་རྒྱ་གར་ཞིག་གི་ཁྱིམ་གྱི་རྒྱ་གར་བུད་མེད་ཅིག་ལ་ཏོག་དབྱིབས་རིམས་ཕོག་ནས་སྔགས་པ་གྲྭ་ཚང་གི་དགེ་འདུན་པ་གཉིས་དང་རྒྱ་གར་བ་ཁག་ཅིག་ད་ལྟའི་ཆར་ཟུར་བཀག་འོག་ཏུ་བཞག་ཡོད་འདུག
ཟླ་འདིའི་ཚེས་༣ བར་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཕོག་མཁན་བསྡོམས་༢༠༨༨༠༠ ཡིན་པ་དང་། གྲོངས་མཁན་༥༨༣༤། དྲག་སྐྱེད་བྱུང་མཁན་༡༠༠༦༠༢ ཡིན་པ་རེད། དེ་མིན་རྒྱལ་ཁབ་གང་སར་གནས་པའི་བོད་མི་སྤྱི་ཚོགས་ཁྲོད་དུ་ཡང་ཁག་ཅིག་ན་ཡོད་ནའང་། གྲངས་ཐོ་ཁ་གསལ་བྱུང་གི་མེད་པ་རེད།
འཛམ་གླིང་ཁྱོན་ཡོངས་སུ་རིམས་ནད་དེ་ཕོག་མཁན་བསྡོམས་༦༤༨༥༨༡༤ དང་། གྲོངས་མཁན་༣༨༣༡༦༤། དྲག་སྐྱེད་བྱུང་མཁན་༣༠༨༩༨༩༤ ཡིན་པ་རེད།།
གསར་འགོད་ཆོས་ཉིད་འོད་ཟེར།