ལྷ་སར་༡༩༨༨ ལོའི་བོད་མིའི་རྒྱ་རྒོལ་ལ་རྗེས་དྲན་འགྲེམས་སྟོན།
ཟླ་འདིའི་ཚེས་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་འགྲམ་གྱི་དཔའ་བོའི་རྡོ་རིང་མདུན་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག ༡༩༨༨ ལོའི་ཟླ་༣ ཚེས་༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་གིས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ། ལོ་སུམ་ཅུ་འཁོར་བར་རྗེས་དྲན་གྱི་འགྲེམས་སྟོན་ཞིག་བྱས་ཡོད་པ་རེད།
ཉིན་དེར་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། “དགའ་ལྡན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་མཛད་དེ་ཞི་རྒོལ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་པོ་སུམ་བཅུ་འཁོར་བའི་དུས་དྲན་ཞིག་རེད། དེའི་སྔ་ལོ་ཟླ་༩ ཚེས་ ༢༧ ཉིན་དང་ཟླ་༡༠ ཚེས་༡ ཉིན་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པའི་དགེ་འདུན་པས་སྣེ་ཁྲིད་མཛད་དེ་གཞི་རྒྱ་ཆེ་བའི་མི་མང་གིས་ངོ་རྒོལ་བྱས་པ་དང། གནས་ཚུལ་དེ་སྐབས་དེར་རྒྱལ་སྤྱིའི་ཐོག་ནས་ཁྱབ་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་ཕོག་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་སྔོན་ཚུད་ནས་འཆར་བསྒྲིགས་ནས་བོད་ནང་ཆོས་དད་རང་མོས་ཡོད་པའི་ཕྱི་ཚུལ་གྱི་རྣམ་པ་བསྟན་ཆེད་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་སུ་བཅུག་ཡོད་ཀྱང། དོན་དངོས་ཐོག་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་གང་སར་སོ་མྱུལ་དང་ཉེན་རྟོགས་པས་ཁེངས་ཡོད། ཆོ་འཕྲུལ་སྨོན་ལམ་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་དབུས་སུ་གནས་པའི་གཙུག་ལག་ཁང་དུ་འཚོགས་བཞིན་ཡོད་པ་དང། བྱམས་པ་གདན་འདྲེན་ཞུ་སྐབས་གྲ་མང་གིས་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་མཐར་བསྐྲོད་གཏོང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་ངོ་རྒོལ་སྐད་འབོད་བྱས་པ་དང། རྒྱ་གཞུང་གིས་སྔ་ནས་གྲ་སྒྲིག་བྱས་པའི་དམག་མི་དང་ཉེན་རྟོགས་པ་བཏང་ནས་དྲག་གནོན་བྱས་ཏེ་མི་སྣ་མང་པོ་ཤི་རྨས་བྱུང་བ་དང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད་”ཅེས་༡༩༨༧ ལོ་དང་༨༨ ལོ་༨༩ བཅས་སུ་བོད་མིའི་ངོ་རྒོལ་ལ་རྒྱ་ནག་གིས་དྲག་གནོན་བྱས་སྐོར་འཁོད་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་༢༠༠༨ ལོ་ནས་བོད་མིའི་ལས་འགུལ་སྐོར་འཁོད་དོན། “༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་སར་བོད་མི་བཙོན་འཇུག་བྱེད་སའི་བཙོན་ཁང་གིས་ཁེངས་ཡོད། སྤྱི་ལོ་༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་ད་བར་བོད་མི་༡༥༢ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་གཞུང་གིས་བོད་ཐོན་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད། འདི་ལྟ་བུའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་འཁྱོངས་ཐུབ་མཁན་ཞིག་བོད་མི་རིགས་མ་གཏོགས་བྱུང་མེད་ཅེས་བརྗོད་ཆོག དེ་རིང་གི་དུས་དྲན་འདི་རྒྱུད་ནས་སྐབས་དེའི་འཐབ་རྩོད་ནང་མཉམ་བཞུགས་གནང་མཁན་གྱི་རྒྱལ་གཅེས་པ་ཁོང་རྣམས་དང་། ཁོང་རྣམས་ཀྱི་དགའ་ཉེ་སྤུན་མཆེད་སོགས་ལ་ཐུགས་གསོའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག དེང་སྐབས་རྒྱ་གཞུང་གི་བཙོན་ཁང་ནང་དཀའ་སྡུག་སྣ་ཚོགས་མྱང་བཞིན་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། དེ་བཞིན་བོད་དོན་འཐབ་རྩོད་ལ་ད་བར་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་གྱི་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ལ་ལེགས་གསོལ་བསྔགས་བརྗོད་དང་སྦྲག ཁྱེད་རྣམ་པས་ང་ཚོའི་དྲང་བདེན་གྱི་འཐབ་རྩོད་ལ་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་བ་དང་འབོད་སྐུལ་ཡང་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།
རྒྱ་ནག་གིས་བོད་ལ་དབང་བསྒྱུར་ནས་༡༩༨༧ ལོ་དང་༨༨ ལོ་༨༩ བཅས་ཀྱི་ལས་འགུལ་ནི་བོད་ཀྱི་མི་རབས་གསར་པས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་འགོ་འཛུགས་བྱས་པར་ངོ་འཛིན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།