ལྷོ་ཀོ་རི་ཡའི་སྲིད་འཛིན་གནས་དབྱུང་གཏོང་སྲིད་པ།
ཨེ་ཤི་ཡའི་རྒྱལ་ཁབ་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་སྲིད་འཛིན་ལྕམ་པག་གྷེའུ་ཧི་ལ་ལྐོག་ཟ་རུལ་ཟུངས་ཀྱི་གླེང་རྙོག་ལ་བརྟེན་ནས་ནག་ཉེས་འཛུགས་དགོས་པའི་མང་མོས་འོས་ཤོག་འཕངས་འདུག་པ་དང་། དེ་ལ་བརྟེན་ནས་མོ་རང་ལས་གནས་ལས་གནས་དབྱུང་གཏོང་སྲིད་པ་རེད་འདུག
དེ་ཡང་ཟླ་འདིའི་ཚེས་༩ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་སྲིད་འཛིན་ལྕམ་པག་ལ་ནག་ཉེས་འཛུགས་དགོས་པའི་རྒྱབ་སྐྱོར་གྱི་འོས་གྲངས་༢༣༤ བླུགས་འདུག་པ་དང་། དེ་ལ་དགག་པ་བྱེད་མཁན་འོས་གྲངས་༥༦ བླུགས་ཡོད་པ་དང་། སྲིད་འཛིན་ལྕམ་པག་གི་དབང་ཆ་དེ་སྲིད་བློན་ཧང་ཀོ་ཨན་ལ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་འདུག གྲོས་ཚོགས་ཀྱི་ཐག་གཅོད་དེས་མོ་གནས་དབྱུང་གཏོང་གི་ཡོད་འདུག་ཀྱང་། ད་དུང་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་དགུ་ཡིས་ཐག་གཅོད་དེར་མཐའ་མའི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་འདུག ཁོ་ཚོར་གནད་དོན་དེར་གྲོས་བསྡུར་དང་བསམ་ཞིབ་བྱེད་པའི་དུས་ཚོད་ཟླ་བ་༦ ཡོད་པ་དང་། གལ་ཏེ་ཁོ་ཚོས་གྲོས་ཚོགས་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་བྱས་ཚེ། ལྕམ་པག་གནས་དབྱུང་གཏོང་རྒྱུ་ཡིན་འདུག་པ་དང་མོ་རང་ལྷོ་ཀོ་རི་ཡ་མང་གཙོ་ཆགས་རྗེས་ཀྱི་ལོ་རྒྱུས་ནང་། ལས་གནས་ཁུར་བཞིན་པའི་སྲིད་འཛིན་གནས་དབྱུང་བཏང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག
དེ་ཡང་ཉེ་ཆར་སྲིད་འཛིན་ལྕམ་པག་གིས་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་སོགས་རང་ཉིད་ཀྱི་གྲོགས་མོ་ཆའོ་སུན་སིལ་ལ་སྟོན་གྱི་ཡོད་པ་དང་། དེ་བཞིན་གྲོགས་མོ་དེས་སྲིད་འཛིན་དང་འབྲེལ་ཐག་ཉེ་པོ་ཡོད་པ་དེ་བེད་སྤྱད་ནས། ལྷོ་ཀོ་རི་ཡའི་ཚོང་ལས་སྡེ་ཚན་མང་པོ་ཞིག་ནས། རང་ཉིད་ཀྱི་རོགས་ཚོགས་ལ་ཞལ་འདེབས་ཕོན་ཆེན་སྤྲོད་དུ་འཇུག་གི་ཡོད་པ་མ་ཟད། དེ་ལས་དངུལ་མང་པོ་ཞིག་སྒེར་གྱིས་བདག་བཟུང་བྱེད་ཀྱི་ཡོད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་གླེང་རྙོག་བྱུང་ནས། མོ་རང་ལ་ཁྲིམས་ཁང་གིས་དབང་ཆ་བེད་སྤྱོད་ལོག་པ་བཏང་བ་དང་གཡོ་ཟོལ། བཙན་སྐུལ་གྱི་ནག་ཉེས་བཙུགས་ཡོད་པ་དང་། ཁྲིམས་དཔོན་གྱིས་སྲིད་འཛིན་ལྕམ་པག་ཀྱང་གནད་དོན་ཁ་ཤས་ནང་མཉམ་ཞུགས་བྱས་པའི་བསམ་ཚུལ་ཡོད་སྐོར་བརྗོད་ཡོད་པ་རེད་འདུག
གནད་དོན་དེ་ལ་བརྟེན་ནས་ལྷོ་ཀོ་རི་ཡའི་མི་མང་ཁྲི་ཕྲག་མང་པོས་ངོ་རྒོལ་བྱས་ཏེ། ལྕམ་པག་གནས་དབྱུང་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ད་ལྟའི་ཆར་ལྕམ་པག་གིས་ལས་གནས་ལས་དགོངས་པ་ཞུ་རྒྱུའམ། རྩ་ཁྲིམས་ཁྲིམས་ཁང་གིས་ཐག་གཅོད་ལ་བསྒུག་རྒྱུ་ཡིན་མིན་གྱི་ཐག་གཅོད་ག་རེ་བྱས་ཡོད་མེད་ཤེས་ཐབས་བྲལ་བ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
