ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དངོས་སུ་འགོ་བཙུགས་འདུག
ལྷོ་ཀོ་རི་ཡའི་ནང་དུ་སྡོད་ཁང་གི་རིན་གོང་འཕར་བཞིན་པ་དང་། དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་བཞིན་པ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སོགས་ཀྱི་ཁྲོད་དུ། སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དངོས་སུ་འགོ་བཙུགས་འདུག
ཟླ་༢ པའི་ཚེས་༡༥ ཉིན་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་འགོ་བཙུགས་ཡོད་ཀྱང་། ད་ལྟའི་ཆར་དཔྱད་བརྗོད་པ་ཚོས་འོས་མི་སུ་ལ་རྒྱལ་ཁ་ཐོབ་སྲིད་པའི་ཚོད་དཔག་བྱེད་ཐུབ་ཀྱི་མེད་པས། འོས་བསྡུ་དེ་ནི་འདས་པའི་ལོ་ངོ་༢༠ ཡི་ནང་དུ་འགྲན་རྩོད་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་འདུག
གཞུང་འཛིན་མང་གཙོ་སྲིད་དོན་ཚོགས་པའི་འོས་མི་ལཱི་ཇེ་མཱི་ཡུང་ནི་དེ་སྔོན་མངའ་སྡེ་ཞིག་གི་སྲིད་སྐྱོང་ཡིན་འདུག་པ་དང་། སྐབས་དེར་ཁོང་གིས་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་དྲག་པོ་བྱས་པ་དང་། ཡོངས་ཁྱབ་རྨང་གཞིའི་ཡོང་འབབ་གཅིག་དགོས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་འདུག
དེ་བཞིན་ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོ་བོ་རྙིང་ཞེན་གྱི་ལངས་ཕྱོགས་འཛིན་མཁན་མི་མང་གི་ནུས་སྟོབས་ཚོགས་པའི་འོས་མི་ཡུན་སུག་ཡེལ་ནི་སྲིད་དོན་ཁོར་ཡུག་ནང་དུ་གསར་བ་ཞིག་ཡིན་འདུག་ཀྱང་། ཁོང་གཞུང་གི་སྤྱི་ཁྱབ་ཁྲིམས་རྩོད་པ་ཡིན་པའི་སྐབས་སུ་ལྷོ་ཀོ་རི་ཡའི་བུད་མེད་སྲིད་འཛིན་དང་པོ་པག་གྷེ་ཧུན་གྱི་ཉེ་འཁོར་དང་། དེ་བཞིན་ད་ཡོད་སྲིད་འཛིན་མཱོན་ཇེ་ཨན་བཅས་ཀྱི་ཉེ་འཁོར་རྣམས་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཆེན་པོར་ལས་དོན་བྱས་ཡོད་འདུག་པས། མི་མང་ནང་ཁོང་ལ་ཆེ་མཐོང་བྱེད་མཁན་མང་པོ་ཡོད་འདུག
མི་མང་སྡེ་ཚན་ཁག་ཅིག་ནང་སྲིད་དོན་ཚོགས་པ་ཆེ་ཁག་ལ་ཡིད་ཆེས་ཆུང་དུ་འགྲོ་བཞིན་པའི་སྐབས་དེར། ཕྱོགས་འགལ་སྲིད་དོན་ཚོགས་པ་ཆུང་བའི་འོས་མི་ཨན་ཆེལ་སུ་ལ་རྒྱབ་སྐྱོར་མང་དུ་འགྲོ་བཞིན་ཡོད་འདུག ཁོང་གིས་ཚེས་༡༣ ཉིན་རྙིང་ཞེན་ཚོགས་པའི་འོས་མི་ཡུན་སུག་ཡེལ་དང་ཟླ་སྒྲིལ་གཏོང་རྒྱུའི་གྲོས་འཆར་བཏོན་ཡོད་འདུག་པས། གལ་ཏེ་ཁོང་གཉིས་ཟླ་སྒྲིལ་བྱས་ཚེ་རྒྱལ་ཁ་ཐོབ་རྒྱུའི་ངེས་པ་ཆེན་པོ་ཡོད་འདུག
ཟླ་༣ པའི་ཚེས་༩ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་བསྡུའི་ལས་རིམ་འགྲོ་རྒྱུ་ཡིན་འདུག་པ་དང་། ཐེངས་འདིར་འོས་མི་༡༤ ཡོད་འདུག ལྷོ་ཀོ་རི་ཡའི་རྩ་ཁྲིམས་ལྟར་ན་སྲིད་འཛིན་ཞིག་གིས་ལས་ཁུར་ལས་ཡུན་སྐབས་གཅིག་ཏེ་ལོ་ངོ་༥ མ་གཏོགས། སྐབས་གཉིས་ལས་ཁུར་བྱེད་ཆོག་གི་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།