ལྷོ་བྱང་ཀོ་རི་ཡ་གཉིས་ཟླ་སྒྲིལ་བཏང་ནས་བྱང་ཀོ་རི་ཡའི་མི་སེར་དབུལ་ཕོངས་ལས་སྐྱོབ་དགོས་ཟེར།

ལྷོ་བྱང་ཀོ་རི་ཡ་གཉིས་བར་ད་ཆར་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཡོད་འདུག་པ་དང་། དེ་གཉིས་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཁ་ཁར་ཕྱིན་ནས་ད་དུང་ཡང་རྒྱལ་ཁབ་གཅིག་འགྱུར་ཡོང་ཐུབ་མེད། འོན་ཀྱང་། ཉེ་ཆར་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ལྷོ་བྱང་ཀོ་རི་ཡ་གཉིས་ཟླ་སྒྲིལ་བཏང་ནས་བྱང་ཀོ་རི་ཡའི་མི་སེར་ས་ཡ་༢༦ རྣམས་དབུ་ཕོངས་ལས་སྐྱོབ་དགོས་པ་རེད་ཅེས་བརྗོད་ཡོད་འདུག
ཕྱི་ཚེས་༢ ཉིན་(Taipei Times)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༡༩༡༩ ཟླ་བ་༣ ཚེས་༡ ཉིན་ནི་ཀོ་རི་ཡ་ཉི་ཧོང་གི་བཙན་བཟུང་འོག་ཡོད་དུས་ཀོ་རི་ཡའི་མི་མང་ནས་རང་བཙན་ལས་འགུལ་རྒྱ་ཆེན་སྤེལ་བའི་ཉིན་མོ་ཡིན་འདུག་པས། ལྷོ་ཀོ་རི་ཡས་ལོ་ལྟར་ཕྱི་ཟླ་༣ ཚེས་༡ ཉིན་དེ་རང་བཙན་ལས་འགུལ་སྤེལ་བའི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་འདུག་པར་བརྟེན། ཁ་སང་སྤྱི་ཚེས་༡ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་(Yoon Suk-yeol)ཡིས་བྱང་ཀོ་རི་ཡའི་མི་མང་རྣམས་ཧ་ཅང་གིས་དབུལ་ཕོངས་གནས་སུ་ལྷུང་ཡོད་པ་དང་། བྱང་ཀོ་རི་ཡའི་གཞུང་ལ་རྡུལ་ཕྲན་མཚོན་ཆ་ལས་གཞན་གང་ཡང་ཡོད་མ་རེད། དེ་ལས་ལྷོ་བྱང་ཀོ་རི་ཡ་གཉིས་ཟླ་སྒྲིལ་བཏང་ནས་བྱང་ཀོ་རི་ཡའི་མི་སེར་ས་ཡ་༢༦ རྣམས་དབུལ་ཕོངས་གནས་ལས་སྐྱོབ་ཐུབ་རྒྱུ་གལ་ཆེན་པོ་རེད་ཅེས་དང་། དེ་བཞིན་ཀོ་རི་ཡ་ལྷོ་བྱང་གཉིས་རང་དབང་ཕྱོགས་སུ་ཁ་ཕྱོགས་ནས་ཀོ་རི་ཡ་སྟོབས་འབྱོར་ལྡན་པ་ཞིག་བྱེད་དགོས་པ་རེད། རང་དབང་གི་ཕྱོགས་ཁ་ཕྱོགས་ཟེར་དུས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ལ་སྒྱུར་དགོས་ཞེས་བརྗོད་པ་དང་། ཀོ་རི་ཡ་ལྷོ་བྱང་གཉིས་ཟླ་སྒྲིལ་གཏོང་རྒྱུ་ནི་བྱང་ཀོ་རི་ཡའི་མི་མང་རྣམས་ལ་རེ་བ་གསར་པ་ཞིག་དང་རྨི་ལམ་གསར་པ་ཞིག་རེད་ཅེས་བརྗོད་འདུག ལྷོ་བྱང་ཀོ་རི་ཡ་གཉིས་ཟླ་སྒྲིལ་གཏོང་དགོས་མིན་སྐད་ཆ་དེ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་ལ་འཇིགས་སྐུལ་བྱེད་ཆེད་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་སྐབས་དང་། ལྷོ་ཀོ་རི་ཡས་ཨ་རི་དང་ལྷན་དུ་དམག་སྦྱོང་བྱེད་བཞིན་པའི་སྐབས་སུ་བརྗོད་ཡོད་འདུག
ད་ཆར་ཨ་རིས་བྱང་ཀོ་རི་ཡ་ལ་དཔལ་འབྱོར་གྱི་ཉེས་ཆད་ག་ཚོད་བཅད་མིན་ལ་མ་ལྟོས་པར། བྱང་ཀོ་རི་ཡའི་རྒྱལ་ཁབ་ནང་ཆབ་སྲིད་བརྟན་པོ་གནས་ནས་ཉེ་ཆར་ཕྱི་ཟླ་༡ པོ་ནང་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོན་ཨན་གྱིས་མ་འོངས་པར་བྱང་ཀོ་རི་ཡའི་རྩ་ཁྲིམས་བསྐྱར་འབྲི་བྱས་ནས། དེ་སྔོན་ལྷོ་བྱང་ཀོ་རི་ཡ་གཉིས་བར་ཞི་བའི་ཐོག་ནས་ཟླ་སྒྲིལ་གཏོང་རྒྱུའི་དམིགས་ཡུལ་རྣམས་མེད་པ་བཟོ་རྒྱུ་ཡིན་པར་བརྗོད་ཡོད་འདུག་ལ། དེ་བཞིན་བྱང་ཀོ་རི་ཡའི་ངོས་ནས་ལྷོ་ཀོ་རི་ཡ་ནི་གཡོལ་ཐབས་མེད་པའི་དགྲ་བོར་ངོས་འཛིན་གྱི་ཡིན་ལ། གལ་སྲིད་བསྐྱར་དུ་ལྷོ་བྱང་ཀོ་རི་ཡ་གཉིས་བར་དམག་འཁྲུག་འདྲ་བྱུང་ན་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་བཙན་བཟུང་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག སྲིད་དོན་དཔྱད་བརྗོད་དག་གིས་ཀིམ་ཇོན་ཨན་གྱིས་རང་གི་ཁྱིམ་ཚང་གི་དབང་ཆ་སྲ་བརྟན་ཡོང་ཐབས་ཆེད་ལྷོ་ཀོ་རི་ཡའི་རིག་གཞུང་གི་ཤུགས་རྐྱེན་འགོག་ཐབས་བྱེད་རྒྱུར་དམིགས་ཡུལ་བཟུང་ནས་དམག་འཁྲུག་འགོ་འཛུགས་སྲིད་པ་རེད་ཅེས་བརྗོད་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཀོ་རི་ཡའི་རང་བཙན་ལས་འགུལ་ཉིན་མོར་ཉི་ཧོང་གིས་ཀོ་རི་ཡའི་མི་མང་ལ་སྡུག་སྦྱོང་མནར་གཅོད་བཏང་བའི་ཡ་ང་བའི་ལོ་རྒྱུས་སྐོར་གང་ཡང་བཤད་ཡོད་མི་འདུག་ལ། དེ་ལས་ལྡོག་སྟེ་ལྷོ་ཀོ་རི་ཡ་དང་ཉི་ཧོང་བར་ད་ཆར་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་འདུག ལྷོ་ཀོ་རི་ཡའི་(Ewha University)གཙུག་ལག་མཐོ་སློབ་ཀྱི་སློབ་དཔོན་(Leif-Eric Easley)ཟེར་བ་ཁོང་གིས་ཀོ་རི་ཡ་ལྷོ་བྱང་གཉིས་ཞི་བ་དང་རང་དབང་ཐོག་ནས་ཟླ་སྒྲིལ་མ་བྱུང་བར་རང་བཙན་ལས་འགུལ་གྱི་ཉིན་དེ་ཆ་ཚང་བ་ཞིག་ཡོང་མི་སྲིད་ཅེས་བརྗོད་ཡོད་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཕྱི་ལོ་༢༠༢༢ ནང་སྲིད་འཛིན་གྱི་ལས་འགན་ཁུར་འགོ་བཙུགས་ཡོད་འདུག་པ་དང་། ལས་འགོ་བཙུགས་པ་ནས་ཨ་རི་དང་ཉི་ཧོང་གཉིས་དང་ལྷན་དུ་འབྲེལ་ལམ་བཟང་དུ་གཏོང་ཐབས་དང་ལོ་རྒྱུས་ཐོག་རྙོག་གླེང་དག་གསལ་ཐབས་བྱེད་བཞིན་ཡོད་འདུག ཉེ་ཆར་(Forbes )ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་ལ། ད་ཆར་འཛམ་གླིང་ནང་དམག་གི་སྟོབས་འབྱོར་ཆེ་ཤོས་རྒྱལ་ཁབ་བཅུ་བསྟན་ཡོད་འདུག་པ་དང་། ལྷོ་ཀོ་རི་ཡ་ནི་འཛམ་གླིང་ནང་དམག་གི་སྟོབས་ཤུགས་ཆེ་ཤོས་ཨ་༥ པ་དེ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
