ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ནས་ཧྥི་ལི་ཕིན་རྒྱལ་ཁབ་དེ་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གཙོ་བོ་ཞིག་རེད་འདུག 

ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་མང་པོ་ཞིག་རྒྱ་ནག་གི་ཡིན་ཚུལ་བརྗོད་དེ་རྒྱ་ནག་གི་མཚོ་དམག་ཡང་ཡང་ཡོང་ནས། མངའ་ཁུལ་དེ་དག་གི་ནང་ཡོད་པའི་ཧྥི་ལི་ཕིན་ལྟ་བུའི་རྒྱལ་ཁབ་དག་དང་རྒྱ་ནག་བར་གདོང་ཐུག་ཡང་ཡང་འབྱུང་གི་ཡོད་པར་བརྟེན། ཨ་རི་དང་ཧྥི་ལི་ཕིན་གཉིས་བར་དམག་དོན་གྲོས་མཐུན་བཞག་ནས་ཨ་རིའི་དམག་མི་ཧྥི་ལི་ཕིན་ནང་བཞག་ཡོད་པ་དང་། དེ་བཞིན་ཧྥི་ལི་ཕིན་དང་ཨ་རི་། ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱིས་དམག་སྦྱོང་བྱེད་རྒྱུ་ཡིན་འདུག 

ཕྱི་ཚེས་༡༦ ཉིན་ཨི་ཤེ་ཡའི་དུས་བབ་ཀྱིས་བརྗོད་དོན་ལ། ད་ཆར་ཧྥི་ལི་ཕིན་ནང་ཨ་རི་དང་། ཉི་ཧོང་། ལྷོ་ཀོ་རི་ཡ། དབྱིན་ཡུལ་བཅས་རྒྱལ་ཁབ་ལྔ་ཡིས་ཛ་དྲག་དུས་སུ་དམག་འཐབ་བྱེད་ཕྱོགས་ཀྱི་དམག་སྦྱོང་བྱེད་བཞིན་ཡོད་འདུག་ལ། དམག་སྦྱོང་དེའི་ནང་ཧྥི་ལི་ཕིན་དམག་མི་༡༧༣༢ དང་། ཨ་རིའི་དམག་མི་༩༠༢ ལྷོ་ཀོ་རི་ཡ་ནས་དམག་མི་༥༧ ཉི་ཧོང་ནས་དམག་མི་༥༠ དབྱིན་ཡུལ་ནས་དམག་མི་༨ བཅས་རྒྱལ་ཁབ་ལྔ་པོ་མཉམ་འབྲེལ་གྱི་ཐོག་ནས་དམག་སྦྱོང་བྱེད་རྒྱུ་རེད་འདུག ཐེངས་འདིའི་དམག་སྦྱོང་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་དམག་ཤུགས་ཇེ་ཆེར་འགྱུར་བཞིན་པའི་སྐབས་འདིར། རྒྱ་ནག་ལ་ཁ་གཏད་དང་མ་འོངས་པར་མངའ་ཁུལ་དེ་དག་གི་ནང་དམག་འཁྲུག་འདྲ་བྱུང་ན། དུས་ཐོག་རྒོལ་ལན་སློག་ཐབས་ཆེད་དུ་དམག་སྦྱོང་བྱེད་བཞིན་ཡོད་འདུག དེ་བཞིན་ཐེངས་འདིའི་དམག་སྦྱོང་དེ་ཧྥི་ལི་ཕིན་གྱི་གླིང་ཕྲན་གསུམ་ནང་བྱེད་བཞིན་ཡོད་པ་དང་། དེའི་ནང་ནས་ལུས་ཛོན་(Luzon)་ཟེར་བའི་གླིང་ཕྲན་དེ་ཐེ་ཝན་དང་ཧ་ཅང་གིས་ཐག་ཉེ་ས་ཞིག་ཏུ་ཡོད་པས་དེར་དམག་སྦྱོང་བྱེད་བཞིན་ཡོད་འདུག་ལ། (Palawan)པལ་ཝན་ཟེར་བའི་གླིང་ཕྲན་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ནུབ་ཕྱོགས་སུ་ཡོད་འདུག་པ་དང་། རྒྱ་ནག་གི་ལྷོ་ཕྱོགས་སུ་ཡོད་འདུག 

ཐེངས་འདིའི་དམག་སྦྱོང་དེའི་མིང་ལ(Cooperation of the Warriors of the Sea)མཚོ་དམག་གི་དཔའ་རྟུལ་མཉམ་འབྲེལ་ཟེར་བའི་མིང་བཏགས་ཡོད་འདུག་པ་དང་། དམག་སྦྱོང་དེ་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་ཡིན་མིན་གང་ཡང་བརྗོད་མི་འདུག་ཀྱང་། ཧྥི་ལི་ཕིན་གྱི་དམག་དཔོན་(Arturo Rojas)ཟེར་བས་བརྗོད་དོན་ལ། ཐེངས་འདིའི་དམག་སྦྱོང་དེ་ས་ཁུལ་དེ་དག་ནང་དམག་འཁྲུག་འདྲ་བྱུང་ན་དུས་ཐོག་ཏུ་རྒོལ་ལན་སློག་ཐབས་དང་། ཐེ་ཝན་ལ་རྒྱ་ནག་གིས་བཙན་འཛུལ་བྱས་ན་ཨ་རི་གཙོས་པའི་ཨ་རིའི་མཐུན་གྲོགས་རྣམས་ཀྱིས་དུས་ཐོག་ཏུ་རོགས་རམ་ཐུབ་ཐབས་སུ་དམག་སྦྱོང་བྱེད་བཞིན་ཡོད་ཅེས་བརྗོད་འདུག ད་ལྟའི་ཧྥི་ལི་ཕིན་གྱི་སྲིད་འཛིན་Ferdinand Marcos Jr འགོ་ཁྲིད་འོག་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ནང་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཨ་རི་དང་ལྷན་དུ་མཉམ་འབྲེལ་བྱས་ནས་དམག་གི་རྟེན་གཞི་དུ་མ་གསར་འཛུགས་བྱས་ཡོད་འདུག ལོ་སྔོན་མར་དམག་མི་ཁྱོན་༢༥༥༠ དམག་སྦྱོང་ཁྲོད་མཉམ་ཞུགས་བྱས་ཡོད་འདུག ད་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཧྥི་ལི་ཕིན་གཙོས་པའི་ཨ་རི་དང་། ཉི་ཧོང་། ལྷོ་ཀོ་རི་ཡ། དབྱིན་ཡུལ་བཅས་ཀྱིས་དམག་སྦྱོང་བྱས་ནས་ས་ཁུལ་དེ་དག་ནང་གི་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་ཐབས་བྱེད་བཞིན་ཡོད་ཚུལ་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།