ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་བཙོན་འཇུག་དང་འབྲེལ་ནས་མི་མང་གིས་འཁྲུག་ཟིང་ཆེན་པོ་སློང་བཞིན་འདུག
ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་བཙོན་འཇུག་བྱས་པར་བརྟེན། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་ཚོས་ངོ་རྒོལ་ཆེན་པོ་བྱེད་བཞིན་འདུག་པ་དང་། ངོ་རྒོལ་ཁྲོད་དུ་ཚོང་ཁང་དང་ཟ་ཁང་སོགས་འཕྲོག་བཅོམ་དང་མེར་སྲེག་མཁན་ཡང་མང་པོ་ཡོད་ཁར། ཚེ་སྲོག་ཤོར་མཁན་ཡང་མི་ཉུང་བ་ཞིག་བྱུང་འདུག
ཟླ་༧ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རང་ལོ་༧༩ ཡིན་པའི་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་ཛུ་མཱ་ལ་ཁོང་གི་སྲིད་འཛིན་དུས་ཡུན་སྐབས་སུ་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་འཛུགས་དང་འབྲེལ་ནས། ཟླ་བ་སྔོན་མར་ཁྲིམས་ཁང་དུ་ཉན་ཞིབ་ཆེད་དུ་སླེབས་དགོས་ཀྱི་ཡོད་ཀྱང་སླེབས་མེད་པས། ཁྲིམས་ཁང་ལ་བརྩི་མེད་བྱས་པ་ཐག་གཅོད་བྱས་འདུག་པ་དང་། ཚེས་༡༣ ཉིན་ཁོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་པ་རེད་འདུག
ཁོང་བཙོན་འཇུག་མ་བྱས་པའི་སྔོན་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་ངོ་རྒོལ་བྱས་ཡོད་ཁར། དེའི་ཁྲོད་དུ་ཚོང་ཁང་དང་ཟ་ཁང་། དངུལ་འདོན་འཕྲུལ་ཆས་སོགས་འཕྲོག་བཅོམ་དང་མེར་སྲེག་བྱས་པའི་གནས་ཚུལ་མང་པོ་ལྷག་འདུག་པ་དང་། ཉེན་རྟོག་པས་འཁྲུག་ཟིང་ཆེན་པོ་དེ་རིགས་བརྒྱུད་སྐུལ་བྱེད་མཁན་གྱི་དོགས་ཡོད་མི་སྣ་༡༢ ངོས་འཛིན་བྱས་ཡོད་སྐོར་བརྗོད་འདུག
ད་ལྟ་བར་དུ་འཁྲུག་ཟིང་ཁྲོད་དུ་མི་སྣ་༧༢ ཀྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། དེའི་ཁྲོད་མི་སྣ་༡༢ ཞིག་ཚེས་༡༠ ཉིན་ཚོང་ཁང་ཆེན་མོ་འཕྲོག་བཅོམ་བྱེད་བཞིན་པའི་སྐབས་སུ། མང་ཚོགས་ཁྲོད་དུ་རྡོག་རྫིས་ཐེབས་ནས་ཚེ་སྲོག་ཤོར་བ་ཡིན་འདུག
ལས་ཁུར་སྲིད་འཛིན་རཱ་མ་ཧྥོ་སཱ་ཡིས་དྲག་སྤྱོད་དེ་ནི་ཕྱི་ལོ་༡༩༩༠ ལོ་ཡི་རྗེས་ནས་དྲག་སྤྱོད་ཀྱི་གནད་དོན་ཚབས་ཆེ་ཤོས་དེ་ཡིན་སྐོར་བརྗོད་འདུག་པ་དང་། བློན་ཆེན་ཁག་ཅིག་གིས་བརྗོད་དོན་ལྟར་ན་གལ་ཏེ་མི་མང་གིས་ཚོང་ཁང་སོགས་འཕྲོག་བཅོམ་མུ་མཐུད་བྱས་ཚེ། ས་གནས་ཁག་ཅིག་ཏུ་དགོས་མཁོའི་བཟའ་ཆས་དང་ཅ་དངོས་སོགས་རྫོགས་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག
དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ཐེངས་འདིའི་འཁྲུག་ཟིང་སློང་མཁན་གྱི་སྐབས་འཕྲལ་རྒྱུ་མཚན་ནི་སྲིད་འཛིན་ཟུར་པ་བཙོན་འཇུག་བྱས་པའི་གནད་དོན་ཡིན་ཡང་། རྒྱུན་རིང་ནས་མང་ཚོགས་ནང་དུ་དཔལ་འབྱོར་གྱི་ཡོང་འབབ་དམའ་བ་དང་། ལས་ཀ་མེད་མཁན་མི་མང་གི་བརྒྱ་ཆ་སྔར་དང་བསྡུར་ན་ཤིན་ཏུ་མཐོ་བོ་ཡིན་ཁར། གཞོན་སྐྱེས་ཁྲོད་ལས་ཀ་མེད་མཁན་བརྒྱ་ཆ་༤༦.༣ ཡིན་པ་སོགས་ཀྱི་དཀའ་ངལ་ནི་རྒྱུན་རིང་ཡོད་པ་ཡིན་སྐོར་བརྗོད་བཞིན་འདུག
དེ་བཞིན་རྒྱལ་ཁབ་དེའི་གཞུང་གིས་བརྗོད་དོན་ལྟར་ན། དྲ་ཐོག་ཏུ་གནས་ཚུལ་རྫུན་མ་ཁྱབ་སྤེལ་འགྲོ་བཞིན་པ་དེར་སེམས་འཚབ་ཡོད་པས། གནས་ཚུལ་རྣམས་དབྱེ་འབྱེད་བྱེད་བཞིན་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
