ཤིན་ཅང་དུ་ས་ཡོམ་དང་རྒྱ་ནག་གི་སློབ་གྲྭ་ཞིག་ལ་མེ་སྐྱོན་བྱུང་བ་བཅས་ནས་མི་༢༠ མ་ཟིན་ཙམ་གྱི་ཚེ་སྲོག་ཤོར།

ཟླ་འདིའི་ཚེས་༢༣ ཉིན་(AP) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤིན་ཅང་དུ་ས་ཡོམ་རིམ་པ་༧.༡ ཅན་ཞིག་བརྒྱབ་ནས་མི་གྲངས་དྲུག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། སྡོད་ཁང་མང་པོ་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༣ ཉིན་གྱི་ཞོགས་པར་ཤིན་ཅང་གི་ལྷོ་ཕྱོགས་སུ་ས་ཡོམ་རིམ་པ་༧.༡ ་བརྒྱབ་པས་མི་དྲུག་ལ་་རྨས་སྐྱོན་བཟོས་ཤིང་སྡོད་ཁང་༤༧ བརྡིབས་ཡོད་པ་དང་། ཁང་པ་༧༨ ལ་གཏོར་སྐྱོན་ཕོག་ཡོད་པ་མ་ཟད། ཞིང་ལས་འཛུགས་སྐྲུན་ཁ་ཤས་ལ་ཡང་གནོད་འཚེ་ཕོག་ཡོད་འདུག རྒྱ་ནག་གི་ཤིན་ཧྭ་གསར་འགྱུར་ཁང་གིས་བརྗོད་གསལ་ལྟར་ན། ཤིན་ཅང་གི་མེ་འཁོར་ལྕགས་ལམ་སྡེ་ཚན་གྱིས་ས་ཡོམ་བྱུང་བ་དང་འཕྲལ་དུ་ལས་གཉེར་བྱེད་མཚམས་བཞག་པར་བརྟེན། མེ་འཁོར་༢༧ ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཡོད་འདུག ཆུ་ཚོད་༢༤ ནང་ཤིན་ཅང་གི་ས་ཁུལ་ཁག་ཅིག་ལ་ས་ཡོམ་རིམ་པ་མི་འདྲ་བ་ཁ་ཤས་བྱུང་ཡོད་འདུག

 སྤྱིར་རྒྱ་ནག་གི་སི་ཁྲོན་དང་ཀན་སུའུ། ཡུན་ནན་ཞིང་ཆེན་སོགས་ལ་ས་ཡོམ་རྒྱག་གི་ཡོད་པ་དང་། བོད་ཀྱི་མཚོ་སྔོན་ཕྱོགས་དང་ཤིན་ཅང་བཅས་ལ་ཡང་ས་ཡོམ་ཡང་ཡང་རྒྱག་གི་ཡོད་འདུག

གཞན་ཀ་ཛག་སི་ཐན་གྱི་གྲོང་ཁྱེར་ཆེ་ཤོས་(Almaty) ་ཞེས་པའི་ནང་དུ་ཡང་ས་ཡོམ་རིམ་པ་༦.༧ ཅན་ཞིག་བརྒྱབས་ནས་མི་ཚང་མ་གྲང་ངར་ཆེ་བའི་ཁང་པའི་ཕྱི་ལོགས་སུ་བསྡད་དགོས་བྱུང་ཡོད་འདུག་ཀྱང་། ད་བར་ཤི་རྨས་དང་གཏོར་སྐྱོན་ཇི་ཙམ་བྱུང་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་ཐོན་མེད་པ་རེད་འདུག

གཞན་ཡང་བྷི་བྷི་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་མཚན་མོར། རྒྱ་ནག་གི་ཧོ་ནན་ཞིང་ཆེན་ཡན་ཧྲན་ཕུ་(Yanshanpu) ་ཞེས་པའི་གྲོང་གསེབ་ཀྱི་སློབ་གྲྭ་ཞིག་གི་སྡོད་ཁང་དུ་མེ་ཤོར་ནས། ལོ་ན་༩་དང་༡༠་ལ་སོན་པའི་སློབ་ཕྲུག་༡༣ ་གྱི་ཚེ་སྲོག་ཤོར་ཡོད་འདུག སློབ་གྲྭའི་དགེ་རྒན་ཞིག་གིས་སློབ་མ་ཚང་མ་ལོ་རིམ་གསུམ་པའི་འཛིན་གྲྭ་གཅིག་པའི་སློབ་མ་ཤ་སྟག་རེད་ཅེས་བརྗོད་འདུག ད་ལྟའི་ཆར་སློབ་གྲྭའི་འཛིན་སྐྱོང་དོ་དམ་པ་བཀག་ཉར་བྱས་ཟིན་པ་དང་མེ་སྐྱོན་ཤོར་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་འདུག

སློབ་གྲྭ་དེ་ནི་མི་སྒེར་པ་ཞིག་གིས་བཙུགས་ནས་ད་བར་ལོ་ངོ་བཅུ་ཙམ་ཕྱིན་ཡོད་འདུག་ལ་མེ་སྐྱོན་ཤོར་བའི་སྐབས། སྡོད་ཁང་ནང་དུ་སློབ་མ་༣༠ ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།