ཤུགས་ལྡན་དང་ཐ་དད་དུ་གནས་པ་ལས་འབྲེལ་བ་གཏན་ནས་བྱ་རྒྱུ་མིན།
ཟླ་འདིའི་ཚེས་༡༣ ཉིན་༸གོང་ས་༸གོང་ས་མཆོག་དབྱིན་ཡུལ་དུ་༸ཞབས་སོར་འཁོད་བསྟུན། དབྱིན་ཡུལ་ནང་པའི་ཚོགས་པ་ཁག་༣༧ དང་དབྱིན་ཡུལ་བོད་རིགས་ཚོགས་པ་གཉིས་ཀྱིས་ཤུགས་ལྡན་ཚོགས་པས་༸གོང་ས་མཆོག་ལ་མཚན་སྨད་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནད་དོན་དེ་དག་དང་འབྲེལ་བའི་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ཡོད་པ་རེད།
ཟླ་འདིའི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་གསལ་བསྒྲགས་དེའི་ནང་། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་བྱེད་མཁན་གྱི་ཤུགས་ལྡན་ཚོགས་པའམ་བཀའ་གདམས་གསར་མའི་ཤུགས་ལྡན་ཚོགས་པའི་ལས་འགུལ་བ་དེ་དག་དང་། ལས་དོན་གང་ལའང་འབྲེལ་བ་མེད་ལ། དུས་ནམ་ཡང་ང་ཚོ་ཤུགས་ལྡན་དང་ཐ་དད་དུ་གནས་པ་ལས་འབྲེལ་བ་གཏན་ནས་བྱ་རྒྱུ་མིན། ནང་པའི་ཚོགས་པ་ནང་ཁུལ་བསམ་ཚུལ་གང་ཡོད་པ་རྣམས་ཞི་བ་དང། གུས་བརྩི། རྒྱུ་མཚན་གནད་ལུགས་ལྡན་པའི་ངང་གསལ་སྟོན་བྱ་རྒྱུའི་དམ་བཅའ་འཇོག་བཞིན་ཡོད། དོལ་རྒྱལ་རྗེས་འབྲང་པས་བཟང་སྤྱོད་ལས་བརྒལ་ཏེ་མང་ཚོགས་ལ་མགོ་བོ་རྨོང་ཐབས་བྱས་པ་དང། བཟང་སྤྱོད་དང་མི་མཐུན་པའི་སྤྱོད་ཚུལ་སྣ་ཚོགས་བྱས་པར་བརྟེན་དབྱིན་ཡུལ་མང་ཚོགས་ཀྱི་ཁྲོད་དུ་ནང་ཆོས་ཐོག་བལྟ་སྟངས་མི་འདྲ་བ་ཞིག་ཀྱང་འགྱུར་བཞིན་ཡོད། ང་ཚོས་མཐའ་གཅིག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པ་དེར་ཤར་བསྐྱོད་བྱ་རྒྱུ་དང་། མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་མཛད་འཁུར་དམ་བཅའ་གསུམ་མཛད་དང་མཛད་བཞིན་པ་དེར་རྒྱབ་སྐྱོར་དང་གུས་བརྩི་ཞུ་བཞིན་ཡོད་”ཅེས་སོགས་འཁོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།