ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་གཞོན་སྐྱེས་ཤིག་ལ་ན་གཞོན་གཟེངས་རྟགས་འབུལ་རྒྱུ་རེད།
ཟླ་འདིའི་ཚེས་༡༤ ཉིན་དྷ་སའི་གཙུག་ལག་ཁང་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ནོར་བུ་འགྲོན་ཁང་(Norbu House) དུ་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ནས་ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་གཞོན་སྐྱེས་ཤིག་ལ་ན་གཞོན་གཟེངས་རྟགས་འབུལ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་སོང་།
དེ་ཡང་ཐོག་མར་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་དང་། ཚོགས་མི་ཉི་སློབ། ཞི་བདེ་ཉི་མ་བཅས་ཀྱིས་ཚོགས་པའི་བྱུང་རིམ་དང་དམིགས་ཡུལ། མ་འོངས་ལས་གཞི་ངོ་སྤྲོད་བྱས་པ་དང་། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་གཞི་རྩའི་དམིགས་ཡུལ་ལྟར་འདི་ལོ་ནས་བཟུང་ཕྱི་ཟླ་༨ པའི་ཚེས་༣ སྟེ་ཚོགས་པ་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་ན་གཞོན་ཞིག་ལ་གཟེངས་བསྟོད་ཕྱག་འཁྱེར་དང་ཧིན་སྒོར་འབུམ་གཅིག་སྤྲོད་རྒྱུ་ཡིན་པ་རེད། ལས་གཞི་དེ་རྩོམ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་ན་གཞོན་རྣམས་ལ་རང་རེའི་སྤྱི་ཚོགས་ཁྲོད་དུ་ཆེ་མཐོང་དང་ངོས་འཛིན་ཐོབ་ཆེད་དུ་ཡིན་པ་མ་ཟད། ཁོང་ཚོའི་བྱས་རྗེས་དང་མཚན་སྙན་བརྒྱུད་ནས་ན་གཞོན་གང་མང་ཞིག་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐོབ་རྒྱུའི་རེ་བ་བཅང་འདུག
ན་གཞོན་གཟེངས་རྟགས་ཐོབ་པར་ཕྱི་གསལ་ནང་གསལ་ལམ་ནས་འདེམས་གསེས་ཀྱི་བརྒྱུད་རིམ་དུ་མ་ཞིག་བརྒྱུད་དགོས་པ་ནི། ཐོག་མར་ངོས་འཛིན་ཡོད་པའི་སློབ་མའི་ཚོགས་པ་ཁག་གི་ངོས་ནས་མ་མཐའི་ཆ་རྐྱེན་ཁག་བཞི་སྟེ། ༡) བོད་རིགས་གཙང་མ་ཡིན་པའི་ངོས་འཛིན་རང་བཙན་ལག་དེབ་དགོས་པ། ༢) ཤེས་ཚད་དམའ་མཐར་གཞི་རིམ་གོང་མ་ཐོན་པ། ༣) ལོ་ན་༡༨ ནས་༣༥ བར་ཡིནཔ། ༤) སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་མཁན་ཞིག་ཡིན་དགོས་པ་བཅས་ཚང་བའི་འོས་མི་གཉིས་རེ་མཚམས་སྦྱོར་གནང་རྒྱུ་དང་། མཚམས་སྦྱོར་གནང་ཟིན་པའི་འོས་མི་རྣམས་ནས་མཚམས་སྦྱོར་མང་ཤོས་ཐོབ་མཁན་གྱི་མི་སྣ་ལྔ་འདེམས་སྒྲུག་བྱས་ཏེ། འདེམས་ཐོན་བྱུང་བའི་མི་སྣ་ལྔ་པོའི་ལོ་རྒྱུས་དང་བཅས་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་ཏེ་མང་ཚོགས་ལ་འོས་ཤོག་བརྒྱ་ཆ་༡༠༠% ནས་༣༠% སྤྲོད་རྒྱུའི་གོ་སྐབས་སྤྲོད་རྒྱུ་དང་། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་ཉམས་མྱོང་དང་ལྡན་པའི་རྒན་གཞོན་མི་ལྔ་ལས་གྲུབ་པའི་དམིགས་བསལ་འདེམས་སྒྲུག་ཚོགས་ཆུང་ཞིག་བཙུགས་ཏེ་བརྒྱ་ཆ་༧༠% ཁོང་ཚོས་སྤྲོད་རྒྱུ་ཡིན་པ་རེད། མཐའ་མ་དེ་དག་གི་གྲུབ་འབྲས་ལྟར་ཁོང་ཅག་ལྔ་ནས་རྩེ་ཕུད་གཅིག་འདེམས་ཏེ་ཧིན་སྒོར་འབུམ་གཅིག་དང་སྤུས་ཚད་ལེགས་པའི་ཆེ་བསྟོད་རྟགས་མ་ཕུལ་རྒྱུ་ཡིན་པ་རེད།
འདི་ལོའི་ལས་གཞི་གསར་པ་ན་གཞོན་གཟེངས་རྟགས་འབུལ་བའི་ལས་འགུལ་འདིར་སྦྱིན་བདག་གནང་མཁན་ནོར་རྒྱལ་བོད་ཀྱི་ལག་ཤེས་བཟོ་ཚོང་ཁང་དང་མནྜ་ལ་ཚོང་ལས་ཁང་གཉིས་རེད་འདུག
ད་དུང་ད་ལོའི་ཕྱི་ཟླ་༩ པའི་བདུན་ཕྲག་དང་པོའི་ནང་རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་པོ་(All India Tibetan Student Association Meet) ཐེངས་གཉིས་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁྱིམ་སྡོད་ཁང་དུ་ཚོགས་རྒྱུ་ཡིན་པ་དང་། དམིགས་ཡུལ་གཙོ་བོ་ནི་བོད་རིགས་གཞོན་སྐྱེས་ནང་ཁུལ་འཆམ་མཐུན་དང་ལྷག་པར་དུ་ས་གནས་སློབ་མ་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་གཞོན་བར་ངོ་ཤེས་བཟོ་ཆེད། སློབ་ཕྲུག་རང་ཉིད་ཀྱི་རིག་རྩལ་དང་སྒྱུ་རྩལ་ཡར་རྒྱས་གཏོང་ཐབས་ཡིན་པ་མ་ཟད། མི་རབས་གསར་པའི་ཐུན་མོང་མ་ཡིན་པའི་དབུ་ཁྲིད་ཀྱི་ནུས་པ་སྐྱེད་བསྲིང་དང་། ས་གནས་ཁག་གི་ཚོགས་གཙོ་ཚོགས་གཞོན་ཚང་མས་དཔུང་པ་མཉམ་གཤིབ་ཀྱིས་ཤེས་ཡོན་དང་བོད་པའི་རྩ་དོན་ཆེད་འཆར་སྣང་དང་བསམ་ཚུལ་སོགས་བགྲོ་གླེང་བྱེད་ཆེད་ཡིན་པ་རེད།
འདུ་འཛོམས་དེའི་ཐོག་ས་གནས་གང་ས་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱི་བར་འགྲན་སྡུར་ཁག་མང་པོ་ཡོད་པ་ནི། ༡) སྤོ་ལོ་འགྲན་སྡུར། ༢) རིག་གཞུང་འཁྲབ་སྟོན། ༣) གཏམ་བཤད། ༤) བགྲོ་གླེང་། ༥) རྩོམ་ཡིག་འགྲན་སྡུར་སོགས་ཡིན་པ་རེད།
རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་རྣམས་ལ་མ་བསྐུལ་དྭང་བླངས་ངང་རོགས་པ་གནང་མཁན་གྱི་སློབ་ཕྲུག་མཐུན་ཚོགས་ཆེ་ཤོས་དེ་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཉི་ཧོང་དང་ཀོ་རི་ཡ། ཡུ་རོབ་དང་ཨ་རི་སོགས་ནང་ཚོགས་མི་ཡོད་པ་རེད་འདུག
ཁོང་ཚོས་ཀ་བ་གསུམ་ལ་གཞི་བཅོལ་ཡོད་པ་ནི་ཆིག་སྒྲིལ་དང་ཤེས་ཡོན། ཀུན་སློང་གསུམ་ཡིན་པ་དང་། ཕྱི་ལོ་༢༠༡༦ ཟླ་བ་༧ ཚེས་༦ ཉིན་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་དངོས་སུ་དབུ་བརྙེས།
འདི་ནི་འཛམ་གླིང་གི་ས་ཆ་གང་སར་མཐོ་སློབ་ཁག་ཏུ་ལས་རིགས་འདྲ་མིན་ཐོག་སློབ་གཉེར་བྱེད་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་རྣམས་མཉམ་འཛོམས་ཀྱིས་གྲུབ་པའི་དྭང་བླངས་རུ་ཁག་ཅིག་ཡིན་པ་རེད། ཐོག་མའི་ཆར་ཚོགས་མི་༣༠ ཙམ་ཡོད་པ་དང་། ༢༠༡༦ ལོའི་བོད་རིགས་སློབ་མ་མཐོ་སློབ་ལ་བསྐྱོད་མཁན་༧༠༠ ལྷག་ལ་རོགས་རམ་དང་ལམ་སྟོན་བྱས་པ་བྱུང་ཡོད་པ་མ་ཟད། དཔེ་ཀློག་གི་ཚོགས་པ་བཟོས་ཏེ་གཞོན་སྐྱེས་ཚོའི་དཔེ་ཀློག་གི་གོམས་གཤིས་མཐོར་འདེགས་ཡོང་ཐབས་བྱས་པ་དང་། སྐྱ་སེར་ཕོ་མོ་ཡོངས་ལ་དབྱིན་ཡིག་གི་རྨང་གཞི་སྦྱང་མཁན་ཚོར་རོགས་རམ་བྱེད་བཞིན་ཡོད་པ་རེད།།
གསར་འགོད་སྦྱོང་བརྡར་བ་བཀྲ་ཤིས་ཆོས་སྒྲོན།