ཤེས་ཡོན་དང་འཚོ་བའི་དགོས་མཁོ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༣)

བོད་པའི་སྲོལ་རྒྱུན་སློབ་གསོའི་ནང་“རྟག་ཏུ་གཞན་དོན་མི་སེམས་པ།། དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས།། བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང༌།། བསྒྲུབ་པར་ནུས་པ་མ་ཡིན་ནམ།།”ཞེས་པ་ལྟ་བུ་རྩ་འཛིན་བྱེད་ཀྱི་ཡོད། དེ་ནི་འཇིག་རྟེན་སྤྱི་ཡོངས་ལ་བསམ་བློ་གཏོང་མཁན་དང་། བྱང་ཆུབ་སེམས་དཔའ་ཞིག་གི་ལག་ལེན་གནང་སྟངས་ཐོག་ནས་གལ་ཆེན་པོ་ཡིན་པ་མ་ཟད། སྤྱི་པའི་འགན་ཁུར་མཁན་ཞིག་ལ་མཚོན་ནའང་ལེགས་བཤད་འདི་ཉིད་ངེས་པར་དུ་ལག་བསྟར་ཡོང་ཐབས་ལ་འབད་དགོས་པ་ཞིག་རེད། སྤྱིར་བོད་པའི་སྲོལ་རྒྱུན་སློབ་གསོ་དང་། ལྟ་གྲུབ། རིག་གནས་སོགས་ཕལ་ཆེ་བས་ཚེ་འདི་ལས་ཕྱི་མ་གལ་ཆེ་བར་འཛིན་པ་དང་། རང་ལས་གཞན་གཅེས་པར་འཛིན་དགོས་པ་འབའ་ཞིག་རེད་ཅེས་བརྗོད་ཆོག དོན་དངོས་ལག་བསྟར་བྱེད་ཐུབ་ན་གལ་ཆེན་པོ་འབའ་ཞིག་ཡིན་ནའང་། ཁ་བཤད་ཙམ་ལས་ལག་ལེན་དུ་འདེབས་ཐུབ་མཁན་ནི་བོད་པའི་སྤྱི་ཚོགས་སུ་ཧ་ཅང་དཀོན་པོ་ཡིན་པས། མང་པོ་ཞིག་ལག་མེད་པའི་ཁ་གཡང་ངམ་སྐད་ཆ་སྙན་པོ་ཙམ་ཞིག་ཏུ་གྱུར་ཡོད། བོད་ཕྱི་ནང་གཉིས་དང་ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སློབ་སྦྱོང་གི་གོ་སྐབས་ཧ་ཅང་ཡག་པོ་ཡོད་པ་དང་། ཡིག་རྨོངས་སེལ་ཚད་ཀྱི་ཐོག་ནས་བཤད་ན་དེང་དུས་ན་གཞོན་གྱི་གྲས་སུ་ཕལ་ཆེར་བརྒྱ་ཆ་བརྒྱ་ལ་ཉེ་བ་ཞིག་ཡེ་གེ་འབྲི་ཀློག་མི་ཤེས་མཁན་མེད་པ་ལྟ་བུ་རེད་ཅེས་བརྗོད་ཆོག འོན་ཀྱང་རིག་གནས་སྦྱང་བརྩོན་བྱེད་པའི་ཁ་ཕྱོགས་སམ་དམིགས་ཡུལ་བརྟན་པོ་ཡོད་མཁན་ནི་དཀོན་པོ་ཡིན། ཕྱོགས་གཅིག་ནས་བཙན་བྱོལ་ལམ་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ཡིན་པས་གཏན་འཇགས་ཀྱི་བསམ་བློ་མེད་པ་དང་། རང་ཉིད་ལ་དབང་བའི་རྒྱལ་ཁབ་ཅིག་མེད་པས་ལས་ཀ་སོགས་ཀྱི་ཁོར་ཡུག་འོས་ཤིང་འཚམས་པ་ཞིག་མེད་པས་ཀྱང་ཡིན་ངེས། ཕྱོགས་གཅིག་ནས་སློབ་གསོའི་ཁ་ཕྱོགས་ཀྱི་ཆ་ནས་སྐྱོན་ཡོད་པའང་སྨྲོས་མི་དགོས་པ་རེད། གང་ལྟར་ཆེད་དུ་རྒྱུན་རིང་སློབ་སྦྱོང་བྱས་པའི་ཤེས་ཡོན་ཞིག་ཡོད་ཀྱང་། ཆེད་ལས་དེ་བཞག་ནས་ལས་དོན་གཞན་དུ་འཇུག་དགོས་ཐུག་པ་མང་པོ་ཡོད་པས་ལས་དོན་གྱི་ཐོག་ལ་གྲུབ་འབྲས་ཆེན་པོ་སོན་ཐུབ་ཀྱི་མེད། དཔེར་ན་ཁྲིམས་རྩོད་པའི་སློབ་སྦྱོང་བྱས་ནས་དྲུང་ཡིག་གི་ལས་ཀ་བྱེད་དགོས་ཐུག་མཁན་དང་། ཆེད་ལས་གསར་འགོད་པའི་སློབ་སྦྱོང་བྱས་ནས་དགེ་རྒན་བྱེད་མཁན་སོགས་མང་པོ་ཡོད། ད་ལྟའི་ཆར་རྒྱ་གར་ནང་ན་གཞོན་མང་པོ་ཞིག་གིས་སྨན་ཞབས་ཀྱི་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ལས་རིགས་འདི་འདེམས་དགོས་དོན་ཡང་གཙོ་བོ་ཕྱི་རྒྱལ་དུ་བསྐྱོད་ན་ལས་ཀའི་གོ་སྐབས་མང་བ་ལ་བརྟེན་ནས་ཡོང་གི་ཡོད། ཤེས་རིག་ལས་ཁུངས་དང་སློབ་གྲྭ་ཁག་ཏུ་མདུན་ལམ་སློབ་སྟོན་པ་ཞེས་པ་རེ་ཡོད་ཀྱང་། དོན་དངོས་སུ་སློབ་ཕྲུག་རྣམས་ལ་མདུན་ལམ་གྱི་ཁ་ཕྱོགས་འདེམས་སྟངས་ཐོག་ལ་འདེང་ངེས་ཀྱི་སློབ་སྟོན་ཐུབ་ཀྱི་མེད། འཛིན་གྲྭ་བཅུ་པ་ཐོན་ནས་སློབ་ཚན་འདེམས་ཕྱོགས་ཐད་ནས་སློབ་ཕྲུག་མང་ཆེ་བས་རང་ཉིད་ཀྱི་གྲོགས་པོ་གྲོགས་མོ་མང་ཤོས་སློབ་གྲྭ་གང་དུ་བསྐྱོད་བཞིན་ཡོད་མེད་ལ་བལྟས་ནས་སློབ་ཚན་འདེམས་པ་ལས། རང་ཉིད་ཀྱི་དགའ་ཕྱོགས་དང་མ་འོངས་པའི་མི་ཚེའི་མདུན་ལམ་ལ་གཞིགས་ནས་སློབ་ཚན་འདེམས་ཐུབ་མཁན་དཀོན་པོར་གྱུར་ཡོད། གཙོ་ཆེ་ཤོས་དགེ་རྒན་ཕལ་ཆེ་བ་ལ་མཚོན་ནའང་། མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་ཐུབ་ཐབས་ལ་བསམ་བློ་གཏོང་བ་དང་། ལས་བྱེད་དང་འགན་ཁུར་བ་རྣམས་ཀྱང་དེ་དང་གཅིག་མཚུངས་ཡིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་བྱེད་དང་། གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་ལས་ཀ་བྱེད་མཁན་ཕལ་ཆེ་བའི་བསམ་བློ་གཏོང་སྟངས་དང་མི་ཚེའི་ཁ་ཕྱོགས་འཚོལ་ཐབས་བཅས་དེ་དང་གཅིག་མཚུངས་ཡིན་པས། ལས་དོན་གང་དང་གང་གི་ཐོག་ནས་བཤད་ཀྱང་གྲུབ་འབྲས་ཚད་དང་ལྡན་པ་ཞིག་སོན་མ་ཐུབ་པ་རེད། དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཐོག་ནས་བསམ་བློ་བཏང་ན་ཨར་ལས་འཛུགས་སྐྲུན་ནི་ཡོང་འབབ་ཆེ་ཤོས་གྲས་ཀྱི་ལས་ཀ་ཞིག་ཡིན་ཡང་། དེའི་ནང་བོད་པ་འཛུལ་ཞུགས་བྱེད་མཁན་ཧ་ཅང་དཀོན། ཕྱིའི་སྐད་ཡིག་གི་ཐོག་ཏུ་ཡོད་པའི་རིག་གནས་ནང་འདྲེན་བྱ་རྒྱུའི་ཐོག་ནས་སྟོང་ཆ་ཆེན་པོ་ལྷག་ཡོད་ཀྱང་ཡིག་སྒྱུར་གྱི་ཐོག་ལ་ནུས་པ་འདོན་མཁན་དཀོན་པ་བཅས་ཡིན་པས། ཕྱོགས་གང་ཐད་ནས་སློབ་གསོའི་ཐོག་ནས་འཐུས་ཤོར་ཆེན་པོ་ཤོར་ཡོད། མདོར་ན་དགོན་སྡེ་ཁག་ཏུ་བསླབ་པ་མཐར་སོན་པ་མང་པོ་ཡོད་ཀྱང་། དེ་དང་འཚམས་པའི་འདེང་ངེས་ཀྱི་ལས་དོན་མེད་ལ། སློབ་གྲྭ་ཁག་ནས་སློབ་མཐར་སོན་པ་མང་ཡང་དེ་དང་འཚམས་པའི་ལས་ཀ་མེད། དེ་ནི་གཙོ་བོ་སློབ་གསོའི་ཁ་ཕྱོགས་ལ་བསྐྱར་ཞིབ་དགོས་པ་དང་། ཁམས་གསུམ་སེམས་ཅན་དང་བདག་ལས་གཞན་གཅེས་ཀྱི་བཀའ་མོལ་རྫིག་པོ་དེ་དག་ཧ་ཅང་གལ་ཆེ་ནའང་། ཁ་ཡོད་ལག་ཡོད་དུ་རང་ཉིད་ཀྱི་འཚོ་ཐབས་ཀྱང་ཐག་གཅོད་མི་ཐུབ་མཁན་ཞིག་ལ་ནུས་པ་རྒྱ་ཆེན་པོ་གང་ཡང་མེད། དེར་བརྟེན་ཟ་བཏུང་འབའ་ཞིག་དུད་འགྲོས་ཀྱང་བསྒྲུབ་ནུས་པས་དེ་གལ་ཆེན་པོ་མིན་ཚུལ་ཡང་ཡང་བརྗོད་ནས་ཕན་ཐོགས་ཆེར་མེད། དང་པོ་ཆུང་ས་ནས་ཟ་བཏུང་གི་གནད་དོན་སྟབས་བདེ་པོའི་ཐོག་ནས་ཐག་གཅོད་ཐུབ་ན་གནད་དོན་གཞན་དག་ལ་ནུས་པ་འདོན་ཐུབ། དེང་དུས་གཙོ་བོ་མི་སྐྱ་རྣམས་ཀྱིས་སློབ་སྦྱོང་ག་རེ་བྱས་ཀྱང་དེ་དང་པོ་མ་འོངས་པར་རང་གི་འཚོ་ཐབས་དང་འབྲེལ་བ་ཡོད་མེད་ངེས་པར་དུ་བལྟ་དགོས་པ་ལས། སློབ་ཚན་དེ་གལ་ཆེན་པོ་ཡིན་པ་ཙམ་གྱིས་ཕན་ཐོགས་པའི་ངེས་པ་གང་ཡང་མེད།།