ཤེས་ཡོན་དེ་དེབ་ནང་ཡོད་པ་དེ་རང་བསམས་ནས་མ་བསྡད་པར་དཔྱད་པ་བྱེད་རྒྱུ་གལ་ཆེན་ཡིན་པར་གསུངས།

དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ལ་མཇལ་ཁ་བསྩལ་འདུག

ཕྱི་ཟླ་༡༠ པའི་ཚེས་༢༣ ཉིན་བལ་ཡུལ་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཞུས་འདུག་པ་དང་། སྐབས་དེར་མགོན་པོ་གང་གིས་བཀའ་སློབ་གནང་དོན། ད་ང་རང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་མི་རབས་རྒན་པ་རྣམས་ཡར་འགྲོ་གིན་འགྲོ་གིན་མི་རབས་གཞོན་པ་ཚོས་མཐུད་ཡོང་གི་རེད། ཁྱེད་རང་ཚོ་མི་རབས་གསར་པ་དེ་སླེབ་ཡོང་དུས་འཛམ་བུ་གླིང་གི་དངོས་ཡོད་གནས་ཚུལ་དེ་དག་དང་། འདས་པའི་དེ་མར་སྦྲེལ་ནས་བསམ་མནོ་བཏང་ན་ཕན་ཐོགས་ཡོང་གི་རེད།ཤེས་ཡོན་དེ་དེབ་ནང་ཡོད་པ་དེ་རང་རེད་བསམས་ནས་བསྡད་པ་དེ་ཙམ་མ་ཡིན་པར། སོ་སོས་བསམ་མནོ་བཏང་ནས་ཏོག་ཙམ་དཔྱད་པ་བྱེད་ཡ་དང་། གནས་ཚུལ་མང་པོ་བསྡུར་ཅིང་། སོ་སོས་བསམ་བློ་གཏང་ཡ་དེ་དཔེ་གལ་ཆེན་པོ་རེད། རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་མཁས་པའི་དབང་པོ་ཚོས་གཞུང་མང་པོ་ཟིན། དེ་ནས་དཔྱད་པ་བྱས་ནས་འགྲོ་བསྡད་པ་མ་གཏོགས་དཔེ་ཆ་གཅིག་པུའི་ནང་དུ་བལྟས་ནས་སྡོད་ཀྱི་ཡོད་མ་རེད། དེ་གལ་ཆེན་པོ་རེད། ང་རང་ཡིན་ཡང་དཔྱད་པ་བྱེད་ཡ་དེ་གལ་ཆེན་པོ་བརྩི་གི་ཡོད་རེད། དེ་རིང་ཁ་སང་དཔྱད་པ་བྱས་ནས་ཚན་རིག་མཉམ་དུ་འབྲེལ་བ་བྱེད་ཀྱི་ཡོད། ཆོས་པ་འདྲ་མི་འདྲ་མཉམ་དུ་འབྲེལ་བ་བྱེད་ཀྱི་ཡོད། གང་ལྟར་བསམ་མནོ་བཏང་ནས་དཔྱད་པ་བྱེད་ཡ་དེ་དཔེ་གལ་ཆེན་པོ་རེད་ཤག ཤེས་སོང་ང། ཁྱེད་རང་ཚོས་དཔྱད་པ་བྱེད་ཡ་བསམ་མནོ་གཏོང་ཨ། ཞེས་གསུངས་སོང་།

གསར་འགོད་པ་བསྟན་འཛིན་ལམ་བཟང་།