ཤེས་ཡོན་བརྗེ་ལེན་ཆེད་གྲོས་མཐུན་བྱུང་འདུག

ཟླ་༡ པོའི་ཚེས་༡༧ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་དང་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་བར་ཤེས་ཡོན་བརྗེ་ལེན་ཆེད་གྲོས་མཐུན་ཡིག་ཆ་བཞག་སོང་།

གྲོས་མཐུན་གྱི་ཡིག་ཆ་ལ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གཞོན་པ་སྐུ་ཞབས་ཀུལ་རྡེབ་གཉིས་ཀྱིས་མཚན་རྟགས་བརྒྱབ་ཡོད་པ་རེད།

སྐུ་ཞབས་ཀུལ་རྡེབ་ཀྱིས་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་དུ། བོད་ཀྱི་རིག་གནས་ཐོག་ཉེ་བའི་འབུམ་རམས་པའི་སློབ་ཚན་བཟོ་འཆར་ཡོད་པ་དང་། དེའི་སློབ་མ་རྣམས་བོད་ཀྱི་དཔེ་མཛོད་ཁང་དུ་ཉམས་ཞིབ་སོགས་བྱེད་དུ་ཡོང་རྒྱུ་ཡིན་ཁར། བོད་དང་རྒྱ་གར་གཉིས་ཀྱི་རྒྱུན་རིང་དང་མཛའ་འབྲེལ་གྱི་འབྲེལ་བའི་ཐོག་ཉམས་ཞིབ་བྱས་ཏེ་གོ་རྟོགས་སྤེལ་རྒྱུ་ཡོད་པ། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གིས་རྒྱ་གར་གྱི་སྤྱི་ཚོགས་ནང་བོད་དོན་དང་བོད་ཀྱི་རིག་གཞུང་སྐོར་གོ་རྟོགས་སྤེལ་འདོད་ན། ཧིན་རྡི་སྐད་ཡིག་གི་དེབ་མང་ཙམ་པར་སྐྲུན་བྱེད་དགོས་སྐོར་གསུངས་སོང་།

དགེ་བཤེས་ལྷག་རྡོར་གྱིས་ལོ་ཁ་ཤས་སྔོན་ལ་ཧི་མ་ཅལ་དུ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་བྱས་ཡོད་པས། བོད་ཀྱི་དཔེ་མཛོད་ཁང་གིས་ཕར་འབྲེལ་བ་བྱས་ཏེ། ད་ཆ་ཤེས་ཡོན་བརྗེ་ལེན་ཆེད་གྲོས་མཐུན་བྱུང་ཡོད་པ་དང་། གྲོས་མཐུན་ཡིག་ཆའི་ནང་ཕྱོགས་གཉིས་བར་ཤེས་ཡོན་དང་རིག་གཞུང་། ཚན་རིག་སོགས་ཀྱི་ཐོག་བརྗེ་ལེན་བྱ་རྒྱུ། དེ་བཞིན་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་རྣམས་དཔེ་མཛོད་ཁང་དུ་ཉམས་ཞིབ་དང་དང་བླངས་ལས་ཀ་བྱེད་པར་སླེབས་རྒྱུ་དང་། བོད་ཀྱི་དཔེ་མཛོད་ཁང་ནས་གཏམ་བཤད་པ་ཕར་འགྲོ་རྒྱུ་ཡོད་པ་སོགས་ལས་གཞི་མང་པོ་བཟོ་འཆར་ཡོད་སྐོར། དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་ལྟར་འཛམ་གླིང་མི་མང་ལ་ཕན་ཐོགས་ཡོད་པའི་བོད་ཀྱི་རིག་གཞུང་དེ་བརྗེ་ལེན་བྱེད་ཆེད་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱེད་ཆེད་རྒྱ་གར་གཙུག་ལག་ཁང་དང་འབྲེལ་བ་བྱེད་དགོས་སྐོར་གསུངས་སོང་།

ད་བར་བོད་ཀྱི་དཔེ་མཛོད་ཁང་གིས་ཨ་རི་དང་བྷེ་ར་ཛེལ། ལྷོ་ཀོ་རི་ཡ། ཨུ་རུ་སུ་སོགས་ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གཉེར་ཁང་བཅུ་གྲངས་ཤིག་དང་མཉམ་དུ་ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་ཡིག་ཆ་བཞག་ཡོད་འདུག

སྐུ་ཞབས་ཀུལ་རྡེབ་ཀྱིས་བོད་ཀྱི་དཔེ་མཛོད་ཁང་ལ་རྒྱ་གར་མི་མང་ནང་བོད་དོན་དང་རིག་གཞུང་གོ་རྟོགས་སྤེལ་ཐུབ་ཆེད་ཧིན་རྡི་དེབ་མང་ཙམ་པར་སྐྲུན་ཞུ་དགོས་སྐོར་གསུངས་པའི་ཐད། དགེ་ཤེས་ལྷག་རྡོར་གྱིས་གསར་འགོད་པ་ཚོར་གསུང་དོན། ཁོང་གིས་དེ་སྔོན་སྐུ་སྒེར་ཡིག་ཚང་ལ་ལས་ཀ་བྱས་སྐབས། ཧིན་རྡིའི་དེབ་གཅིག་པར་སྐྲུན་བྱས་ཡོད་ཀྱང་ནུས་པ་དེ་ཙམ་ཐོན་མེད་པས། དཔེ་མཛོད་ཁང་ནས་བཀའ་དྲིན་གསབ་རྒྱུའི་ལས་གཞི་ཞེས་པ་བྱེད་འགོ་བཙུགས་ནས་ད་བར་ཧིན་རྡི་སྐད་ཡིག་གི་དེབ་བཅུ་གཉིས་བཅུ་གསུམ་ཞིག་པར་སྐྲུན་བྱས་ཡོད་པ་དང་། དུས་དེབ་ཅིག་ཀྱང་པར་སྐྲུན་བྱེད་བཞིན་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།