ས་ག་ཟླ་བའམ་འབུམ་འགྱུར་གྱི་ཟླ་བའི་མ་ཎི་དུང་སྒྲུབ་དབུ་འཛུགས་གནང་།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧རྒྱལ་བའི་ཞབས་བརྟན་དང་བོད་བསྟན་སྲིད་བདེ་བའི་སླད་དུ་དུས་ཡུན་བདུན་གཅིག་རིང་གི་མ་ཎི་དུང་སྒྲུབ་དབུ་འཛུགས་གནང་སོང་།
ཕྱི་ཟླ་༥ པའི་ཚེས་༩ བོད་ཟླ་༤ པའི་ཚེས་༡ ནི་ཡོངས་གྲགས་སུ་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཡིན་པར་བརྟེན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་སྐྱ་མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཡུན་དུ་བརྟན་པ་དང་བསྟན་སྲིད་བདེ་བའི་སླད་དུ་མ་ཎི་དུང་སྒྲུབ་དབུ་འཛུགས་གནང་སོང་། དུས་ཆེན་འདི་ཚེས་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་གནང་འདུག་པ་དང་། དེའི་ནང་དུ་སངས་རྒྱས་ཀྱི་གསུང་གིས་བསྟན་འགྲོའི་དོན་དུ་ཕན་པ་རྒྱ་ཆེར་མཛད་ཚུལ། དུས་རབས་ཉེར་གཅིག་པའི་ནང་པའི་རྗེས་འཇུག་པ་ཞིག་ཡིན་ཕྱིན་དབང་རྟུལ་དད་པའི་རྗེས་སུ་མ་འབྲངས་པར་སངས་རྒྱས་ཀྱི་ཆོས་ལ་ཉམས་ཞིབ་གནང་སྟེ་ཐོས་བསམ་སྒོམ་གསུམ་གནང་རྒྱུ་གལ་ཆེ་བའི་སྐོར། གཞན་ཡང་དུས་ཆེན་ཁྱད་པར་ཅན་འདིར་འཛམ་གླིང་ས་ཕྱོགས་གང་སར་དུ་བཞུགས་པའི་ནང་པའི་མཆེད་གྲོགས་ཚོས་སེམས་བཟང་པོ་གནང་རྒྱུ་དང་། མགོན་པོ་གང་གིས་ཀྱང་བྱམས་བརྩེ་ལྡན་པའི་མི་ཚེ་དོན་ལྡན་ཞིག་སྐྱེལ་བའི་ཐུགས་སྨོན་གནང་གི་ཡོད་པ་སོགས་གསུངས་འདུག ཁ་སང་གནམ་གང་ཉིན་སྐྱིད་རོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་མ་ཎི་དུང་སྒྲུབ་ཀྱི་རྟེན་དུ་གདན་ཞུ་གནང་ཡོད་པ་རེད། ས་ག་ཟླ་བ་ནི་ཧོར་ཟླ་གསུམ་པའི་ཚེས་༡༦ ནས་བཞི་པའི་༡༥ བར་ཡིན་ཡང་། མི་ཚོས་བོད་ཟླ་བཞི་པའི་ཚེས་༡ ནས་༣༠ བར་ལ་ས་ག་ཟླ་བ་ངོས་འཛིན་བྱེད། ཟླ་བའི་མིང་ཆགས་ཚུལ་ལ་རྒྱུ་སྐར་ས་ག་ཤར་བའི་ཟླ་བ་ཡིན་པས་ས་ག་ཟླ་བ་དང་། ཡང་ཡར་ཚེས་བཅོ་ལྔའི་མཚན་མོར་རྒྱུ་སྐར་ས་ག་དེ་ཟླ་བ་དང་འགྲོགས་པས་ས་ག་ཟླ་བ་ཞེས་ཟེར་ལ། ཟླ་བ་འདིར་སྡིག་སྤང་དགེ་སྒྲུབ་ཅི་ཞིག་བྱས་ཀྱང་འབུམ་འགྱུར་ཡིན་པར་ཡིད་ཆེས་བྱེད་པས་འབུམ་འགྱུར་ཟླ་བ་ཡང་ཟེར་སྲོལ་ཡོད།

དུས་ཆེན་འདིར་སུམ་འཛོམས་དང་ལྔ་འཛོམས་སོགས་བརྩི་སྲོལ་འགའ་ཤས་ཡོད་ལ་ཡོངས་གྲགས་སུ་ཟླ་འདིར་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་སུམ་འཛོམས་ཞེས་འབོད་སྲོལ་ཡོད། གནའ་སྔ་མོར་བོད་དུ་ས་ག་ཟླ་བར་ལྷ་སའི་ཇོ་ཤཱཀ་རྣམ་གཉིས་དང་རྩེ་ཤོད་རྟེན་གཙོ་ཁག་དང་གདན་ས་ཆེན་པོ་རྣམ་པ་གསུམ་གྱིས་མཚོན་དབུས་གཙང་ཁམས་གསུམ་སོགས་ཀྱི་རྟེན་མཆོག་རྣམས་ལ་གཞུང་དང་དད་ལྡན་ཁག་ནས་ཞལ་གསེར་སྤྱན་འབྱེད། སྙན་དར། མཆོད་འབུལ། སྨྱུང་གནས་སྲུང་བ། སློང་མོ་བར་སྦྱིན་གཏོང་སོགས་རང་རང་འཁོས་དཔག་ལ་གཞིགས་ཏེ་རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། ས་ཟླའི་རིང་སྲོག་གཅོད་སྤངས་པའི་ཤ་ཁྲིམས་བསྡམས་ཏེ་དགེ་སྡིག་ཅི་བྱས་འབུམ་འགྱུར་རེད་ཅེས་པའི་གསུང་སྲོལ་བཞིན་ཤ་མི་ཟ་མཁན་མང་པོ་ཡོད་པ་དང་བོད་གཞུང་གི་དཔོན་རིགས་ཚོས་ནག་ཅན་བཙོན་པ་བཞི་རེ་གློད་བཀྲོལ་གཏོང་བ། ངན་སློང་ལ་སྦྱིན་གཏོང་། ལྷག་པར་ཚེས་བཅོ་ལྔའི་ཉིན་སྲིན་འབུས་ཀྱང་ཤ་སྤངས་པའི་ངག་རྒྱུན་ཡོད་འདུག་པས། མི་མང་ཆེ་བས་ཉིན་དེར་ཤ་རིགས་ཟ་གི་མེད་པ་དང་དད་ལྡན་སེར་སྐྱ་མང་ཚོགས་ས་རྒན་སྐྱོར་བྱིས་འཁྲིད་ཀྱིས་གླིང་སྐོར་དང་། རྩེ་སྐོར་དུ་འགྲོ་བའི་སྐབས་དང་བསྟུན་ནས་རྫོང་རྒྱབ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་གཞས་དང་རྣམ་ཐར་གཏོང་བ། ཇ་ཆང་དང་ཁ་ཟས་སྣ་ཚོགས་ཁྱེར་ནས་དགའ་སྤྲོའི་རྣམ་པའི་ཁྲོད་དུ་དུས་ཆེན་གཏོང་སྲོལ་ཡོད་འདུག་པ་དང་། དེ་བཞིན་བོད་གཞུང་གི་དཔོན་རིགས་བཀའ་བློན་གྱིས་གཙོས་པའི་ཤོད་སྐོར་ཡོངས་རྫོགས་ལྷ་ས་གཙུག་ལག་ཁང་དང་། ར་མོ་ཆེ། ཞི་ཁྲོ་ལྷ་ཁང་། ནོར་གླིང་སྐལ་བཟང་ཕོ་བྲང་། རྩེ་ཕོ་བྲང་སོགས་སུ་མཆོད་མཇལ་དང་འབྲས་སིལ། དགུང་ཚིགས་དཀར་སྐྱོང་བཅས་ཚར་རྗེས་ཀོ་གྲུར་བསྡད་དེ་མཚོ་སྐོར་བྱེད་སྐབས་གླུ་གར་བས་སྒྲ་སྙན་སོགས་རོལ་མོའི་རྣམ་གྲངས་དཀྲོལ་གཏོང་བྱེད་སྲོལ་ཡོད་པས་མཚོན། ཟླ་འདིར་ཕྱག་འཚལ་སྒྲིབ་སྦྱངས་སོགས་རྣམ་དཀར་དགེ་བའི་ལས་ལ་རྒྱ་ཆེར་འཇུག་པའི་དུས་སྟོན་ཞིག་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།