ས་མཚམས་དང་ཚོང་འབྲེལ་སོགས་ཀྱི་གྲོས་མོལ་ཆེད་རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་ཡོང་རྒྱུ་ཡིན་འདུག 

རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་གདོང་ཐུག་ཡང་ཡང་འབྱུང་གི་ཡོད་ཀྱང་། འདས་པའི་ལོ་ཤས་རིང་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་ཚོང་འབྲེལ་སོགས་ཡག་ཏུ་ཕྱིན་ནས་དེ་རིང་ཕྱི་དྲོའི་ཆུ་ཚོད་༤་༡༥ ཐོག་རྒྱ་ནག་གི་སྲིད་བློན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོང་རྒྱུ་ཡིན་འདུག 

ཕྱི་ཚེས་༡༧ ཉིན་ཧིན་དཱུ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཕྱི་ཚེས་༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༤་༡༥ ཐོག་རྒྱ་ནག་གི་སྲིད་བློན་ཝང་ཡེ་རྒྱ་གར་ནང་བསླེབ་རྒྱུ་ཡིན་འདུག་པ་དང་། རྒྱ་གར་ནང་ཉིན་གཉིས་རིང་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར། (S. Jaishankar) དེ་བཞིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་(Ajit Doval)ཨ་ཇིཐི་དྷོ་ཝལ་བཅས་དང་ཐུག་འཕྲད་བྱེད་འཆར་ཡོད་འདུག རྒྱ་ནག་ནང་དུ་ཧྲང་ཧེ་(Shanghai)མཉམ་འབྲེལ་ཚོགས་འདུ་དེ་ཉིན་འགའ་ཤས་རྗེས་སུ་འཚོགས་འཆར་ཡོད་འདུག་ཅིང་།  རྒྱ་གར་གྱི་སྲིད་བློན་མུ་དྷི་རྒྱ་ནག་ཏུ་ཚོགས་འདུ་དེའི་ཆེད་དུ་མ་ཕེབས་སྔོན་དུ་རྒྱ་ནག་གི་སྲིད་བློན་རྒྱ་གར་ནང་ཡོང་ནས་མ་འོངས་པར་ཧིན་བོད་ས་མཚམས་ཀྱི་གནད་དོན་དང་། ཚོང་འབྲེལ། རྒྱལ་ཁབ་གཉིས་བར་གནམ་གྲུ་འཕུར་བསྐྱོད་སོགས་ཀྱི་གནད་དོན་དུ་མ་ཞིག་གི་ཆེད་དུ་གྲོས་མོལ་བྱེད་རྒྱུ་ཡིན་འདུག སྲིད་དོན་དཔྱད་བརྗོད་པ་ཚོས་ཐེངས་འདིར་རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་ཡོང་དོན་ནི་ཕྱོགས་གཉིས་ཀའི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ཐད་ལ། ད་ལྟའི་ཆར་སྲིད་འཛིན་ཊོམ་གྱིས་རྒྱ་གར་གྱི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་བརྒྱ་ཆ་༥༠ བཀལ་ཡོད་པ་དང་། ད་དུང་ཨུ་རུ་སུའི་སྣུམ་ཉོ་བཞིན་ཡོད་པའི་རྐྱེན་གྱིས་ཉེས་ཆད་སྒོ་ཁྲལ་༢༥ འཕར་མ་འགེལ་རྒྱུ་ཡིན་པར་བརྗོད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པའི་སྐབས་འདིར། རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་དང་། ཚོང་འབྲེལ་སྔར་ལས་ལྷག་པ་ཞིག་ཡོང་ཐབས་བྱེད་བཞིན་ཡོད་ལ།  སང་ཉིན་གཟའ་མིག་དམར་ཉིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་དང་རྒྱ་ནག་གི་སྲིད་བློན་གཉིས་བར་ཧིན་བོད་ས་མཚམས་ཀྱི་གནད་དོན་སྐོར་གྲོས་མོལ་བྱེད་རྒྱུ་ཡིན་འདུག ཧིན་བོད་ས་མཚམས་ནང་ནས་དམིགས་བསལ་ལ་དྭགས་སུ་དམག་མི་༥༠༠༠༠ ནས་༦༠༠༠༠ ཕྱོགས་སོ་སོ་ནས་གཏན་སྡོད་བྱེད་བཞིན་ཡོད་འདུག

ཕྱི་ཟླ་༨ པའི་ཚེས་༢༩ ནས་ཕྱི་ཟླ་༩ པའི་ཚེས་༡ བར་(Shanghai)ཧྲང་ཧེ་མཉམ་འབྲེལ་ཚོགས་འདུ་འཚོགས་འཆར་ཡོད་འདུག་པར་བརྟེན། ཐེངས་འདིའི་གྲོས་མོལ་སྐབས་སུ་སྲིད་བློན་མུ་དྷི་གདན་ཞུ་བྱེད་འཆར་ཡོད་འདུག་ཅིང་། སྲིད་བློན་མུ་དྷི་རྒྱ་ནག་ཏུ་ཕེབས་ནས་མ་འོངས་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་། ཕྱི་ལོ་༢༠༢༠ ཏོག་དབྱིབས་ནད་དུག་རྒྱ་ནག་ནས་ཁྱབ་པ་ནས་བཟུང་། རྒྱལ་ཁབ་གཉིས་བར་གནམ་གྲུ་ཐད་ཀར་འཕུར་བསྐྱོད་བཀག་ཡོད་པ་བཞིན། ད་ཆར་བསྐྱར་དུ་འཕུར་བསྐྱོད་ཡོང་ཐབས་དང་། དེ་བཞིན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་ལ་རྒྱ་གར་གནས་སྐོར་བ་རྣམས་བསྐྱོད་ཆོག་པའི་ཆེད་དུ་ཕྱོགས་གཉིས་བར་གྲོས་མོལ་བྱེད་རྒྱུ་བཅས་ཡིན་འདུག 

གསར་འགོག་པ། བསོད་ནམས་ཕུན་ཚོགས།


ˌ