ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ།
ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༢ ཉིན། ཐའེ་ཝན་འཇམ་དབྱངས་ཆོས་ཚོགས་དང་འཇམ་དབྱངས་སྒྲུབ་ཁང་གཉིས་ནས་གནས་མཆོག་རྡོ་རྗེ་གདན་ས་སྐྱ་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དུ། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བཞུགས་པར་གསོལ་བའི་སླད་འཕགས་མ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག

བརྟན་བཞུགས་སྐབས་དཔལ་ས་སྐྱ་པ་སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་༧ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག སྐྱབས་མཆོག་༧འཁོན་གདུང་ཨ་ཀཱ་ཤཱ་བཛྲ་རིན་པོ་ཆེ་མཆོག དེ་བཞིན་མཁས་གྲུབ་བླ་སྤྲུལ་དང་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཕེབས་ཡོད་འདུག
སྐབས་དེར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་མོ་མཆོག་གིས། བླ་མ་སྐྱེ་འཆིའི་རང་དབང་ཐོབ་མཁན་ཚོ་ལ་བཞུགས་རོགས་གནང་ཞེས་ཞུས་ཚེ། བླ་མས་ཀྱང་ང་བསྡད་ཀྱི་ཡིན་ཞེས་གསུང་གི་ཡོད་རེད། ང་ནི་མིང་ཙམ་ཡོད་པ་མ་གཏོགས། དོན་ལ་སོ་སོའི་སྐྱེ་བོ་ཐ་མལ་པ་རང་རེད་བསྡད་ཡོད་པ་མ་གཏོགས། ང་ལ་དེ་འདྲའི་རང་དབང་གང་ཡང་ཡོད་མ་རེད། དེར་བརྟེན། ངས་རང་དབང་གི་ཐོག་ནས་ང་བསྡད་ཀྱི་ཡིན། དེ་ག་ཙམ་ཞིག་བསྡད་ཀྱི་མིན་ཞེས་ལབ་ཐུབ་རྒྱུ་ཡོད་མ་རེད། ཡིན་ཡང་། དེ་རིང་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་བླ་ཆེན་རྣམ་པ་དབུ་བཞུགས་ཐོག མཁན་པོ་བླ་སྤྲུལ་དགེ་འདུན་འདུ་ཚོགས། དེ་བཞིན་མི་མང་བཅས་དད་པ་དམ་ཚིག་གཡོ་བ་མེད་པར་བརྟན་བཞུགས་ཟབ་རྒྱས་གནང་བ་ཡིན་དུས། དེར་ནུས་པ་དང་བྱིན་རླབས། དགེ་མཚན་ཞིག་ཏན་ཏན་ཡོད་རྒྱུ་རེད་ཅེས་དང་།
དེ་བཞིན་ཁོང་གིས་དེ་འདྲའི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་གཙོ་ཆེ་ཤོས་རང་ཅག་གངས་ཅན་པ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་པའི་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེ་བུ་དམ་པ་ཐམས་ཅད་སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པ་བརྟན་ཞིང་།ཐུགས་ཀྱི་བཞེས་དོན་མཐའ་དག་བགེགས་མེད་ལྷུན་གྱིས་གྲུབ་པ་དང་། དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན། ང་རང་ཡིན་ན་ཡང་། གཟུགས་པོ་ཞེ་དྲག་ཡག་པོ་ཡོད། ཨེམ་ཆེ་ཚོས་སློབ་སྟོན་བྱེད་པ་ལྟར། གང་ཅིའི་ཐོག་ནས་ཡར་རྒྱས་ཡག་པོ་འགྲོ་བཞིན་ཡོད། ཡིན་ན་ཡང་། ངའི་སྐེད་པ་དང་རྐང་པ་དེ་དུས་རྒྱུན་དུ་བདེ་མོ་མིན། ལྷག་པར་ཉེ་ཆར་གནམ་གཤིས་ལ་སོགས་པ་རྐྱེན་འགའ་ཞིག་ལ་བརྟེན། ཏོག་ཙམ་སྡུག་ཏུ་ཕྱིན་འདུག ཡིན་ཡང་། ཐུགས་གཡེང་དང་ཐུགས་འཚབ་གནང་དགོས་པ་དེ་འདྲ་གང་ཡང་མེད། ཚང་མ་ལ་ཐུགས་བདེ་བོ་གནང་རོགས་ཞུ་རྒྱུ་ཡིན་ཞེས་དང་།
རིན་པོ་ཆེ་མཆོག་གིས་དེ་འདྲའི་ཐུགས་རྗེ་བྱིན་རླབས་ལ་བརྟེན། ང་རང་ཡིན་ཡང་ཡུན་རིང་པོ་འཚོ་ཐུབ་རྒྱུའི་ཆ་རྐྱེན་དུ་ཏན་ཏན་འགྱུར་གྱི་རེད་བསམ་པའི་ཡིད་ཆེས་ཡོད་ལ། ཁྱེད་རྣམ་པས་ཐུགས་སྨོན་གནང་བ་དང་། བརྟན་བཞུགས་ཀྱི་ཆོ་གའི་ནང་། གལ་ཏེ་བསྟན་པ་རྒྱས་པ་དང་།། སེམས་ཅན་ཕན་པའི་རྒྱུ་གྱུར་ན། །མི་ལོ་བརྒྱ་རྩ་བརྒྱད་ལྷག་ཏུ།། གང་འདོད་འཚོ་བ་བླ་མ་དང་།། རྒྱལ་བ་སྲས་དང་བཅས་པ་དག། ། དབང་འབྱོར་ལྡན་པར་བྱིན་གྱིས་རློབས།། ཞེས་གསུང་པ་ནང་བཞིན་དེ་དེ་བཞིན་དུ་ཡོང་བར་ཤོར་ཞེས་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་བཀའ་དྲིན་བསྩལ་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
