ས་སྐྱ་གོང་མ་རིན་པོ་ཆེས་བཀའ་དབང་གནང་ཡོད་པ་རེད།
གནས་མཆོག་མཚོ་པདྨའི་ཁུལ་དུ་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་སྟོང་ཚོ་ལྔ་ལྷག་ལ་ཆོས་འབྲེལ་ཚེ་དབང་དང་བཀའ་སློབ་གནང་སོང་།
དེ་ཡང་ཐུབ་བསྟན་རྒྱལ་མཚན་གྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། དེ་གར་རྟེན་གཞི་བྱས་པའི་རྙིང་མ་དགོན་པ་གཙོས་པའི་ཚོགས་སྐྱིད་ཁག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཟླ་འདིའི་ཕྱི་ཚེས་༡༦ སྔ་དྲོ་ཟ་ཧོར་མཚོ་པདྨར་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་ཞབས་སོར་འཁོད་ཡོད་པ་དང་། ཕྱི་ཚེས་༡༧ ཉིན་ཚེས་བཅུའི་འཆམ་གཟིགས་མཛད་རྗེས། ཕྱི་དྲོ་ཕྱག་ཚོད་༤ པའི་ཐོགས་བླ་མ་དབང་སྤྲུལ་རིན་པོ་ཆེས་གསོལ་འདེབས་བཞིན་འབྲི་གུང་དགོན་པར་གནས་གཟིགས་དང་། དེར་ཡོད་འདུས་མང་ཡོངས་ལ་འཇམ་པའི་མཚན་བརྗོད་དང་འཕོ་ལུང་གི་ཆོས་འབྲེལ་བཅས་མཛད་ཡོད་པ་རེད།
ཕྱི་ཚེས་༡༨ སྔ་དྲོ་ཚོུད་༡༠ ཐོག་རང་གཞུང་དྲིལ་བསྒྲགས་ལས་ཁུངས་འགྲེམས་སྟོན་ཚན་པའི་གོ་སྒྲིག་་གནང་བའི་༧གོང་ས་མཆོག་གི་མཛད་རྣམ་སྐུ་པར་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། དེ་རྗེས་མཚོ་པདྨའི་མདུན་ཐང་དུ་མི་མང་སྟོང་ཚོ་ལྔ་ཡས་མས་ལ་རྟ་ཕྱག་ཁྱུང་གསུམ་དང་འབྲེལ་བའི་ཚེ་དབང་ཆོས་འབྲེལ་བཀའ་དབང་དབུ་འཛུགས་ཞུས་སོང་། སྐབས་དེར་རིན་པོ་ཆེས་ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་བཀའ་སློབ་གནང་དོན། འདིར་བཞུགས་པའི་བླ་མ་དགེ་འདུན་པ་དང་ཕྱོགས་མཐའ་གང་སར་ནས་ཕེབས་པའི་མི་མང་ཚང་མར་སྙིང་ནས་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་འབྲེལ་ནས་བཀྲ་ཤིས་བདེ་ཞུ་ཡི་ཡིན། དབང་ཞུ་བར་ཀུན་སློང་བཟང་ངན་གང་ཡང་མེད་པས་ལྟད་མོ་ལྟ་གར་ཡོང་པའི་ཟོལ་འདྲ་བྱས་ན་དགོས་པ་གང་ཡང་ཡོད་མ་རེད། ཀུན་སློང་བཟང་པོ་ཡོད་ན་ཆོས་ཚིགས་སུ་བཅད་པ་རེ་རེ་ཉན་པ་ཡིན་ནའང་ཕན་ཡོན་ཆེན་པོ་ཡོད་གསུངས་པ་རེད། སྤྱིར་ན་ནང་པ་སངས་རྒྱས་པ་རེད། དེ་བའི་ནང་ནས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་བྱས་མ་འོངས་པ་ན་སངས་རྒྱས་པའི་ལམ། དེའི་ནང་ནས་ཀྱང་ཆེས་མྱུར་བའི་ལམ་གསང་སྔགས་ཀྱི་ཆོས་སྐོར་ཞུ་བཞིན་ཡོད་རེད། དེ་འདྲ་ཡིན་པས་ཀུན་སློང་ཉི་ཚེ་བའི་འགྲིག་གི་ཡོད་མ་རེད། ཀུན་སློང་ཁྱད་པར་དུ་འཕགས་པ་ཞིག་དགོས་རེད། ང་ཚོས་ཆོས་བྱེད་པ་དེ་སོ་སོ་གཅིག་པུའི་དོན་དག་མ་ཡིན་པ། ཚེ་འདིའི་འགལ་རྐྱེན་བར་ཆད་སེལ་བ་དང་ཚེ་དང་བསོད་ནམས་རྒྱས་པ་ལ་སོགས་པ་དེ་འདྲའི་ཆེད་དུ་མ་ཡིན་པ། སེམས་ཅན་ཚང་མ་ང་ཚོའི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པ། དཔེར་ན་ང་རང་ཚོར་སྡང་བའི་དགྲ་བོ་ཐམས་ཅད་ཀྱང་དོན་དངོས་ལ་བྱས་ན་ཕ་མ་དྲིན་ཆེན་རེད་ཡོད་པས། སེམས་ཙམ་དུ་གཏོགས་ཚད་ཚང་མ་ཕ་མ་དྲིན་ཆེན་ཤ་སྟག་ཡིན་པས། ང་རང་ཚོས་སེམས་ཅན་ཐམས་ཅད་སྡུག་སྔལ་ལས་སྐྱོབ་པ་དང་སེམས་ཅན་ཐམས་ཅད་བདེ་བར་འགོད་པ་དེ་འདྲ་ཞིག་གི་བསམ་བློ་གཏང་དགོས་ཀྱི་རེད། ཅེས་བཀའ་སློབ་བསྩལ་ནས་ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་ཡན་ལག་བདུན་པའི་འགྲེལ་བཤད་སོགས་བཀའ་སློབ་ཟབ་རྒྱས་བསྩལ་སོང་།
བཀའ་དབང་གྲུབ་མཚམས་མི་མང་ལ་བཀའ་སློབ་གནང་དོན། དེ་རིང་མི་མང་པོ་ས་ཆ་སྦུག་སུ་དོག་པོ་ཡོད་པས་མི་མང་ལ་ཕྱག་དབང་བྱེད་ཡ་མིན། ངའི་ལག་པ་ཁྱེད་རང་ཚོའི་མགོར་བཞག་ནས་བྱིན་རླབས་གང་ཡང་ཐོབ་པ་ཡོད་མ་རེད། གཙོ་ཆེ་ཤོས་ངས་ཁྱེད་རང་ཚོར་ལབ་པ་ནང་བཞིན་སེམས་རྒྱུད་བཟང་པོ་བྱས་ནས་དགེ་བ་སྒྲུབ་སྡིག་པ་སྤོང་བྱེད་པ་ཡིན་ན་བྱིན་རླབས་ཐོབ་ཐུབ་ཀྱིན་རེད། ཁྱེད་རང་ཚང་མ་ལྷོད་ལྷོད་བྱེད་བཞུགས་ནས་ད་གིན་ངས་ལབ་པ་དེ་སེམས་ལ་ཡག་པོ་ཉར་ནས། དུས་རྒྱུན་དུ་སེམས་བརྒྱུད་བཟང་པོ་བྱེད་ནས་དགེ་བ་སྒྲུབ་པ་ཡིན་ན་བྱིན་རླབས་རིམ་གྱིས་ཐོབ་ཡོང་གི་རེད། ཅེས་བཀའ་སློབ་གནང་ནས་ཚེ་དབང་དང་ཆོས་འབྲེལ་གྲུབ་ཡོད་པ་རེད།
ཉིན་རྒྱབ་ཚོུད་བཞི་པའི་ཐོག་མི་མང་ལ་རྒྱང་མཇལ་དང་འབྲེལ་ནས་བཀའ་སྒོ་དང་བཀའ་སློབ་སྙིང་བསྡུས་ཤིག་གནང་ནས་ཁུལ་དེ་མཛད་རིམ་ལེགས་པར་གྲུབ་ནས་ཕྱི་ཚེས་༡༩ ཉིན་སིམ་ལའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་ཡོད་རེད།།