ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ་ལེགས་གྲུབ།

ཟླ་འདིའི་ཚེས་༧ ནས་ཉིན་༡༥ རིང་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ། རྒྱ་གར་དཱེ་ར་དཱུན་མངའ་ཁོངས་རཱ་ཇེ་པུར་ས་སྐྱ་མཐོ་སློབ་ཏུ་འཚོགས་ཡོད་པ་རེད།

ས་སྐྱའི་སྨོན་ལམ་ཆེན་མོའི་ཡིག་ཚང་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ནི། གནའ་སྔ་མོ་ནས་བོད་དུ་དཔལ་ས་སྐྱའི་གདན་ས་ཆེན་པོ་སོགས་སུ། དབྱར་ཆོས་དང་། དགུན་ཆོས། དཔྱིད་ཆོས་ཞེས་ཚོགས་སྲོལ་ཡོད་པ་ལྟར། བཙན་བྱོལ་གྱི་གནས་སྐབས་འདིར་ཡང་། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་འོག།ལོ་ཤས་སྔོན་ནས་བཙན་བྱོལ་དུ་ཡོད་པའི་དཔལ་ས་སྐྱའི་བཤད་གྲྭ་ཁག་མཉམ་རུབ་ཀྱིས་རེས་མོས་གནང་སྟེ་འཚོགས་ཀྱི་ཡོད་པ་དང་། དེ་ནས་ཕྱི་ལོ་༢༠༡༤ ལོར། དབུས་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་རྒྱུན་ལས་གསར་འཛུགས་བྱུང་བར། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེས། ས་སྐྱ་སྨོན་ལམ་ཚོགས་པ་འདི་ཉིད་ས་སྐྱ་སྤྱི་པའི་ཚོགས་པ་གཅིག་པུ་དེ་ཡིན་པ་དང་། དེར་མ་དངུལ་ཅུང་ཡོད་པ་དེས་སྨོན་ལམ་ཚོགས་རྒྱུ་ཙམ་མིན་པར། ཤེས་ཡོན་དང་འབྲེལ་བའི་ལས་དོན་བསྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་པའི་དགོངས་དོན་གཞིར་བཟུང་ཏེ། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེས་དབུ་ཁྲིད་པའི་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གིས་ཤེས་ཡོན་དང་འབྲེལ་བའི་དཔལ་ས་སྐྱའི་གཞི་རིམ་དང་། མཐོ་རིམ་ཤེས་ཡོན་ཡར་རྒྱས་སོགས་སུ་དམིགས་པའི་ལས་འཆར་དུ་མ་ཞིག་ཡོད་པ་ལས། རིགས་གཏེར་དཔྱིད་ཆོས་ཆེན་མོ་ནི་མཐོ་རིམ་ཤེས་ཡོན་ཡར་རྒྱས་སུ་དམིགས་པ་ཞིག་ཡིན།

རིགས་གཏེར་དཔྱིད་ཆོས་ཆེན་མོའི་རིང་། གཙོ་བོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་གྱི་གཞུང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས། ཚད་མ་རིག་པའི་སྐོར་ལ་སློབ་སྦྱོང་གནང་གི་ཡོད་ལ། དེ་ཡང་ཉིན་ལྟར་ཞོགས་པ་མཁན་རིན་པོ་ཆེས་དཔེ་ཁྲིད་མཛད་པ་དང་། དེ་ནས་རང་སྦྱོང་དང་ནང་ཁུལ་དོགས་གཅོད་བགྲོ་གླེང་། དེ་ནས་ཕྱི་དྲོ་རྩོད་པ་དང་། མཚན་མོ་དམ་བཅའ་ཆེན་མོ་ཚོགས་ཀྱི་ཡོད་ལ། ཉིན་གཅིག་ནས་གཉིས་བར་དུ་བཤད་གྲྭ་ནང་ཁུལ་གྱི་བགྲོ་གླེང་ཆེན་མོ་དང་། ཉིན་མཐའ་མ་གཉིས་ལ་རིས་མེད་མཁས་པའི་བགྲོ་གླེང་བཅས་གོ་སྒྲིག་ཞུ་མུས་ཡིན་ལ། དེ་སྔ་རིས་མེད་མཁས་པའི་བགྲོ་གླེང་དང་བཅས་པ་ཡོངས་རྫོགས་ཚད་མ་རིག་པའི་སྐོར་ལ་ཡིན་མོད། འདི་ལོ་རིས་མེད་མཁས་པའི་བགྲོ་གླེང་དེ་དབུ་མའི་སྐོར་ལ་བགྲོ་གླེང་གནང་རྒྱུར་གོ་སྒྲིག་ཞུས་ཤིང་། རིགས་གཏེར་དཔྱིད་ཆོས་ཆེན་མོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་འདིར། ༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་མཆོག་དབུས། ས་སྐྱའི་བཤད་གྲྭ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། རྙིང་མ་དང་བཀའ་བརྒྱུད། དགེ་ལུགས་དང་བོན་པོ་བཅས་ཀྱི་མཁས་དབང་རྣམ་པ་དང་། ས་སྐྱའི་བཤད་གྲྭ་ཁག་ལྔ་ནས་མཁན་པོ་དང་སློབ་དཔོན་ལྔ་མཉམ་བཞུགས་གནང་བས། ཁྱོན་མཁས་དབང་དགུ་ཡིས་དབུ་མའི་སྐོར་ལ་སོ་སོའི་ལུགས་ཀྱི་བཞེད་པ་དང་མཐུན་པར་རྩོམ་ཡིག་སྒྲོག་སྦྱང་དང་། དྲི་ལན་སོགས་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།

དེ་ནས་གཞུང་ཆེན་གཞན་དག་རེ་མོས་ཀྱིས་གོ་སྒྲིག་ཞུ་འཆར་ཡོད་པ་དང་། རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཚོགས་བཅར་བའི་ངོས་ནས་བཤད་ན། ད་ལྟའི་ཆར་བཙན་བྱོལ་ནང་དུ་དཔལ་ས་སྐྱ་པར་བཤད་གྲྭ་ཁག་བཅུ་ལྷག་ཡོད་པ་ལས། ས་སྐྱ་མཐོ་སློབ། རྫོང་སར་བཤད་གྲྭ མ་དགོན་བཤད་གྲྭ མོན་གྷོ་བརྩེ་ཆེན་མདོ་སྔགས་གླིང་གི་བཤད་གྲྭ། གསང་ཆེན་རྒྱུད་ཀྱི་བཤད་གྲྭ གོང་དཀར་ཆོས་སྡེའི་བཤད་གྲྭ པདྨ་ཚལ་གྱི་བཤད་གྲྭ རིམ་སྦིག་བཤད་གྲྭ རང་རིག་ཨེ་ཝྃ་བཤད་གྲྭ་བཅས་བཤད་གྲྭ་ཁག་དགུ་མཉམ་བཞུགས་ཐུབ་ཡོད་པ་རེད།

རིགས་གཏེར་དཔྱིད་ཆོས་ཆེན་མོ་འདིའི་དམིགས་ཡུལ་གཙོ་བོ་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ།། བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མ་འདྲིས་པའི་དོན་ལ་བརྩོན་པས་བསྒོམ།། དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན།། ཞེས་གསུངས་པ་ལྟར། དམ་པ་གོང་མའི་བཞེད་གཞུང་སྐྱོང་བའི་སྐྱེས་བུ་སྐྱེད་སྲིང་ཐུབ་པའི་ཆེད་དུ། བཤད་གྲྭ་ཁག་ཕན་ཚུན་རྣམ་དཔྱོད་བརྗེ་ལེན་དང་། ཚད་མ་རིག་པར་གོ་རྒྱ་བསྐྱེད་པར་འཆད་རྩོད་རྩོམ་གསུམ་ཆར་གྱིས་སྒོ་ནས་ཕན་ཚུན་གོ་བསྡུར་དང་རིག་རྩལ་འགྲན་པའི་སྡིང་ཆ་ཞིག་བསྐྲུན་པ་དང་། ཚད་མ་རིགས་གཏེར་འདི་ཉིད་སློབ་དཔོན་ཕྱོགས་གླང་དང་ཆོས་གྲོགས་ཡབ་སྲས་ཀྱི་ཚད་མའི་བཤད་སྲོལ་དྲི་མ་མེད་པ་ཞིག་ཡིན་པས་དེའི་འཕྲིན་ལས་དར་རྒྱས་ཡུན་དུ་གནས་པའི་ཆེད་དུ་ཡིན།

རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ཉིད་སྲ་བརྟན་དང་རྒྱུན་གནས་ཡོང་སླད། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དབུར་བཞུགས་ཀྱིས། གདན་ས་ཁག་དང་བཤད་གྲྭ་ཁག་གི་མཁན་པོ་ལྷན་འཛོམས་བསྐོང་ཚོགས་ཞུས་ཏེ། རིགས་གཏེར་དཔྱིད་ཆོས་ཆེན་མོ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཚོགས་དགོས་པ་དང་། གོ་སྒྲིག་བྱ་ཡུལ་དཔལ་ས་སྐྱ་པའི་བཤད་གྲྭ་ཁག་རེ་མོས་ཀྱིས་ཉིན་གྲངས་བཅོ་ལྔ་འཚོག་རྒྱུ། དེ་དང་འབྲེལ་ནས་རིས་མེད་ཚད་མའི་བགྲོ་གླེང་བསྐོང་ཚོགས་དགོས་པ་སོགས་ཀྱི་རིགས་གཏེར་དཔྱིད་ཆོས་ཆེན་མོའི་རྩ་འཛིན་ཡིག་ཆ་ཡང་གཏན་འབེབས་ཞུས་ཡོད་པ་རེད།

དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་དེ་སྔ་རྫོང་སར་བཤད་གྲྭ་དང་། མ་དགོན་བཤད་གྲྭ་གཉིས་སུ་གོ་སྒྲིག་ཞུས་ཡོད་ལ། འདི་ལོར་ས་སྐྱ་མཐོ་སློབ་ཏུ་གོ་སྒྲིག་ཞུས་ཡོད་པ་དང་དེ་ནས་བཤད་གྲྭ་ཁག་རེ་མོས་སུ་གོ་སྒྲིག་ཞུ་འཆར་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།