སང་ཉིན་ར་ཡུའི་དམག་འཁྲུག་མཚམས་འཇོག་བྱེད་དགོས་པའི་དུས་བཀག་རྫོགས་ཀྱི་ཡོད་པས་དམག་འཁྲུག་མཚམས་འཇོག་ཐུབ་བམ།

ཁ་སང་ཨ་རིའི་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྐུ་ཚབ་ཨུ་རུ་སུ་ལ་ཕྱིན་ནས་ཨུ་རུ་སུའི་སྲིད་འཛིན་དང་ཐུག་འཕྲད་བྱས་ཡོད་འདུག་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་པར་བརྗོད།

ཕྱི་ཚེས་༧ ཉིན་(Reuters)དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་ཨ་རིའི་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྐུ་ཚབ་(Witkoff)ཨུ་རུ་སུ་ལ་ཕྱིན་ནས་སྲིད་འཛིན་པུ་ཌིན་དང་ཐུག་སྟེ་ཆུ་ཚོད་གསུམ་ཙམ་རིང་གྲོས་མོལ་བྱས་ཡོད་འདུག་ཅིང་། དེའི་རྗེས་ཨ་རིའི་ཕོ་བྲང་དཀར་པོ་ནས་བདུན་ཕྲག་རྗེས་མར་ཨ་རིའི་སྲིད་འཛིན་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གཉིས་ཐུག་འཕྲད་བྱེད་རྒྱུའི་རེ་བ་ཡོད་པར་བརྗོད་འདུག་ལ། དེ་དང་མཉམ་དུ་རྒྱ་གར་གྱི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་བརྒྱ་ཆ་༢༥ བསྐྱར་དུ་འགེལ་རྒྱུའི་གསལ་བསྒྲགས་བྱས་ནས་ཁྱོན་སྒོ་ཁྲལ་བརྒྱ་ཆ་༥༠ འགེལ་རྒྱུ་སྲིད་འཛིན་ཊོམ་གྱིས་བཀའ་བཏང་ཟིན་འདུག་པ་དང་། དེ་བཞིན་རྒྱ་ནག་གི་དངོས་ཟོག་ཐོག་བསྐྱར་དུ་སྒོ་ཁྲལ་འགེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པར་བརྗོད་འདུག རྒྱུ་མཚན་ནི་ཡུག་རེན་ནང་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་ཨུ་རུ་སུ་དང་ཨུ་རུ་སུའི་ཚོང་རོགས་རྣམས་ལ་གནོན་ཤུགས་སྤྲད་པའི་ཐོག་ནས་དམག་འཁྲུག་མཚམས་འཇོག་བྱེད་དགོས་པར་བརྗོད་འདུག

ཕྱི་ལོ་༢༠༢༡ ལོར་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་བར་ཐུག་འཕྲད་བྱས་ཡོད་པ་དང་།  གལ་སྲིད་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་ཨ་རིའི་སྲིད་འཛིན་ཊོམ་གཉིས་བར་བདུན་ཕྲག་རྗེས་མར་ཐུག་འཕྲད་བྱས་ཚེ། ཡུག་རེན་དང་ཨུ་རུ་སུ་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ད་བར་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་བྱེད་པ་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག

 གཟའ་ལྷག་པའི་ཉིན་སྲིད་འཛིན་ཊོམ་གྱིས་ཡོ་རོབ་ཀྱི་འགོ་ཁྲིད་ཚོ་ལ་ཁ་པར་བརྒྱུད་ནས་བརྗོད་དོན་ལ། ཁོང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་མཉམ་དུ་ཐུག་འཕྲད་བྱེད་འདོད་ཡོད་པ་དང་། དེ་རྗེས་ཡུག་རེན་གྱི་སྲིད་འཛིན་དང་ཨུ་རུ་སུའི་སྲིད་འཛིན་བཅས་ཁོང་ཚོ་གསུམ་པོ་མཉམ་དུ་ཐུག་འཕྲད་བྱེད་འདོད་ཡོད་པར་བརྗོད་འདུག 

དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་(Karoline Leavitt)ཡིས་ཨུ་རུ་སུའི་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གཉིས་བར་ཐུག་འཕྲད་བྱེད་འདོད་ཡོད་པར་རྗོད་ཀྱི་འདུག་ཅེས་བརྗོད་འདུག་ལ། གནས་ཚུལ་ཞིབ་ཕྲ་ཨ་རིའི་དཀྱིལ་ཤར་ཡུལ་གྲུའི་སྐུ་ཚབ་(Steve Witkoff)ཡིས་སྲིད་འཛིན་ཊོམ་ལ་ཞུས་ཡོད་པར་བརྟེན། ཊོམ་ནས་གྲུབ་འབྲས་ཡག་པོ་འཐོན་བཞིན་ཡོད་པར་བརྗོད་ཡོད་ཅེས་བཤད་འདུག 

ཨུ་རུ་སུའི་གཞུང་གིས་གྲོས་མོལ་གྱི་ལམ་ནས་གྲུབ་འབྲས་ཆེན་པོ་འཐོན་བཞིན་ཡོད་པ་དང། མ་འོངས་པར་རྒྱལ་ཁབ་གཉིས་བར་མུ་མཐུད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཞིང་། དེ་ཡང་བདེ་འཇགས་སྲུང་སྐྱོབ་དང་ཡུག་རེན་གི་གནད་དོན་སོགས་ཀྱི་ཐད་ལ་གྲོས་མོལ་བྱེད་རྒྱུ་ཡིན་པར་བརྗོད་འདུག 

སྲིད་འཛིན་ཊོམ་གྱིས་རྒྱ་ནག་ཐོག་ཏུ་བསྐྱར་དུ་སྒོ་ཁྲལ་བརྒྱ་ཆ་༢༥ འགེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། རྒྱ་གར་ལ་བསྐྱར་དུ་༢༥ འགེལ་རྒྱུའི་གསལ་བསྒྲགས་བྱེད་ཟིན་པ་ཡིན། ད་དུང་རྒྱལ་ཁབ་གཞན་འགའ་ཤས་ཡོད། རྒྱལ་ཁབ་དེ་དག་གིས་ཨུ་རུ་སུ་ནས་སྣུམ་ཉོ་བཞིན་ཡོད་ཅེས་བརྗོད་འདུག 

ཡུག་རེན་གྱི་སྲིད་འཛིན་ནས་ཨ་རིའི་གཞུང་གིས་ཨུ་རུ་སུ་ལ་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་དམག་འཁྲུག་མཚམས་འཇོག་ཡོང་རྒྱུར་ད་ཆར་རེ་བ་ཆེན་པོ་ཡོད་པ་དང་། གནོན་ཤུགས་སྤྲད་ན་གྲུབ་འབྲས་འཐོན་རྒྱུའི་རེ་བ་ཡོད། འོན་ཀྱང་། མ་འོངས་པར་གནད་དོན་ངོ་མ་གང་ཡོང་ད་དུང་བཤད་ཚོད་ཐུབ་རྒྱུ་ཁག་པོ་རེད་འདུག་ཅེས་བརྗོད་འདུག 

ཨུ་རུ་སུའི་གཞུང་གིས་ཨ་རིས་ཨུ་རུ་སུའི་ཚོང་རོགས་རྒྱལ་ཁབ་ཚོ་ལ་སྒོ་ཁྲལ་བཀལ་བ་ནི་ཁྲིམས་འགལ་ཡིན་ཚུལ་དང་། མཚམས་འཇོག་བྱེད་དགོས་སྐོར་བརྗོད་འདུག ཟླ་བ་འདིའི་ཚེས་༡༢ ཉིན་ཨ རི་དང་རྒྱ་ནག་གཉིས་བར་སྒོ་ཁྲལ་འགེལ་རྒྱུའི་ཐད་ཉིན་གྲངས་༩༠ རིང་གྲོས་མོལ་བྱེད་རྒྱུ་དང་། དེ་སྔོན་གྱི་སྒོ་ཁྲལ་གནས་སྐབས་མཚམས་འཇོག་བྱེད་རྒྱུའི་དུས་བཀག་རྫོགས་ཀྱི་ཡོད་པར་བརྟེན། ཨ་རིའི་གཞུང་གིས་རྒྱ་ནག་གིས་ཨུ་རུ་སུ་ནས་སྣུམ་ཉོ་རྒྱུར་མཚམས་འཇོག་མ་བྱས་ཚེ་སྒོ་ཁྲལ་འགེལ་རྒྱུ་ཡིན་པ་བསྐྱར་དུ་ཉེན་བརྡ་བཏང་འདུག 

བདུན་ཕྲག་སྔོན་མར་བྷེ་ལ་རུ་སིའི་སྲིད་འཛིན་(Alexander Lukashenko)ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་ཐུག་འཕྲད་བྱས་ཡོད་འདུག་པར་བརྟེན། སྐབས་དེ་དུས་བྷེ་ལ་རུ་སིའི་སྲིད་འཛིན་ནས་ཡུག་རེན་དང་ཨུ་རུ་སུ་གཉིས་བར་གནམ་ཐོག་ནས་རྒོལ་རྡུང་གཏོང་རྒྱུ་མཚམས་འཇོག་བྱེད་རྒྱུའི་ཐབས་བྱུས་བཏོན་ཡོད་པ་(Bloomberg)དང་གཞན་ཨུ་རུ་སུའི་གསར་ཁང་འགའ་ཤས་ནས་གནས་ཚུལ་ཐོན་ཡོད་འདུག་པར་བརྟེན། ཐེངས་འདིར་ཕྱོགས་གཉིས་བར་གནམ་ཐོག་ནས་རྒོལ་རྡུང་གཏོང་རེས་བྱེད་རྒྱུ་མཚམས་འཇོག་ཡོང་བའི་རེ་བ་ཡོད་པར་བརྗོད་འདུག ད་སྐབས་ཨུ་རུ་སུའི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཞིག་ཡོང་རྒྱུའི་ཉེན་ཁ་ཡོད་པའི་རྐྱེན་གྱིས་དམག་འཁྲུགས་མཚམས་འཇོག་ཡོང་རྒྱུར་རེ་བ་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།