སི་ཝེ་ཌན་དང་ཧྥི་ལན་ཌི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་དོན་གང་ཡིན་ནམ།
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་། ཡུ་རོབ་ཀྱི་རྒྱལ་ཁབ་སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་ཀྱི་བདེ་འཇགས་ལ་ཉེན་ཁ་མཐོང་ནས་རྒྱལ་ཁབ་གཉིས་ཀྱིས་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་རྒྱུར་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱས་ནས། མཐར་འདི་ལོའི་ཕྱི་ཟླ་༤ ནང་ཧྥིན་ལན་ཌི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་༣༡ པ་དེ་ཆགས་པ་དང། སི་ཝེ་ཌན་དེ་ཏུར་ཀིའི་རྒྱལ་ཁབ་ཀྱིས་བཀག་འགོག་ཤུགས་ཆེན་བྱས་པའི་རྐྱེན་གྱིས་ད་བར་ཚོགས་མི་ཆགས་ཐུབ་མེད་ཀྱང་། ཉེ་ཆར་ཏུར་ཀིའི་སྲིད་འཛིན་ཨ་ཌྷུ་ཝལ་གྱིས་ཏུར་ཀི་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་འཛུལ་བཅུག་ན་སི་ཝེ་ཌན་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་རྒྱུར་བཀག་འགོག་བྱེད་རྒྱུ་མིན་ཞེས་བརྗོད་པར་བརྟེན། ད་ཆར་སི་ཝེ་ཌན་དེ་གང་མགྱོགས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་༣༢ པ་དེ་ཆགས་རྒྱུ་ཡིན་འདུག

ཕྱི་ཚེས་༡༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༢༢ཟླ་བ་༢ ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་ནང་དམག་འཁྲུག་ཆེ་ཤོས་དང་། དུས་ཡུན་རིང་ཤོས་ཀྱི་དམག་འཁྲུག་ཞིག་ཡིན་པར་བརྟེན། ཨུ་རུ་སུའི་ཉེ་འཁོར་ལ་ཡོད་པའི་ཡུ་རོབ་རྒྱལ་ཁབ་དག་གིས་སོ་སོའི་བདེ་འཇགས་ལ་ཉེན་ཁར་མཐོང་ནས། བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་ཐབས་བྱེད་བཞིན་ཡོད།
ད་ཆར་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་དོན་ཅི་ཡིན་ནམ།
ལོ་སྔོན་མར་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཡུག་རེན་ལ་བཙན་འཛུལ་བྱས་རྗེས། སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་བདེ་འཇགས་དང་སྲུང་སྐྱོབ་ཆེད། བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་ཐབས་བྱས་པར་བརྟེན། ད་ཆར་ཧྥིན་ལན་ཌི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་༣༡་པ་དེ་གྱུར་ཟིན། ཧྥིན་ལན་ཌི་ལྟ་བུར་མཚོན་ན་ཕྱི་ལོ་༡༩༣༩ ལོར་ཨུ་རུ་སུས་བཙན་འཛུལ་བྱས་མྱོང་ཡོད་པ་དང། ཧྥིན་ལན་ཌིའི་དམག་མི་ཡིས་ཟླ་བ་གསུམ་རིང་འཐབ་འཛིང་བྱས་རྗེས། ཨུ་རུ་སུའི་དམག་མི་བཀག་ཐུབ་ཡོད་ཀྱང། ཧྥིན་ལན་ཌིའི་ཞིང་ཆེན་(Karelia)ཟེར་བ་དེ་ཨུ་རུ་སུ་ལ་ཤོར། སྔར་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་ད་ཆར་ཧྥིན་ལན་ཌིའི་མི་མང་མང་པོས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་རྒྱུ་ནི་བདེ་འཇགས་མཐོང་གི་ཡོད་འདུག ཧྥིན་ལན་ཌིའི་གཙུག་ལག་མཐོ་སློབ་(the university of Helsinki)ཀྱི་སྲིད་དོན་ཚན་རིག་གི་སློབ་དཔོན་ཨི་རོ་སར་ཀ་(Iro Sarkka )ཡིས་བརྗོད་དོན་ལ། ཧྥིན་ལན་ཌིའི་རྒྱལ་ཁབ་ཀྱི་མཐའ་མཚམས་རིང་ཚད་ཀི་ལོ་མི་ཊར་༡༣༤༠ ཨུ་རུ་སུའི་ས་དང་ས་འདྲེས་ཡིན་པར་བརྟེན། མ་འོངས་པར་བསྐྱར་དུ་བཙན་འཛུལ་བྱེད་ཀྱི་རེད་དམ་ཞེས་པའི་དྲི་བ་ཡང་ཡང་ཡོང་གི་འདུག་ཅེས་བརྗོད་འདུག ཕྱི་ལོ་༢༠༡༣་ལོར་སི་ཝེ་ཌན་གྱི་མཐའ་མཚམས་སུ་སི་ཀྲོ་མོལ་( Stockolm)་ཟེར་བའི་ས་ཆ་ཞིག་ལ་ཨུ་རུ་སུའི་དམག་གི་གནམ་གྲུ་ཡོང་ནས་འཇིགས་སྐུལ་བྱས་པ་དང། དེ་བཞིན་ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུའི་དམག་གི་གྲུ་གཟིངས་ཀྱིས་སི་ཝེ་ཌན་གྱི་ཉེ་འགྲམ་དུ་ཡོད་པའི་སྦལ་ཊི་ཁེ་མཚོའི་ནང་( Baltic sea)ཡོང་ནས་འཇིགས་སྐུལ་བསྐྱར་དུ་བྱས་ཡོད་པར་བརྟེན། ཕྱིས་སུ་སི་ཝེ་ཌན་གྱིས་བདེ་སྲུང་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་ཆེད་ལོ་རེའི་དམག་གྲོན་གྱི་མ་དངུལ་ནས་སྔར་ལས་མང་དུ་གཏོང་དགོས་འབྱུང་བཞིན་ཡོད་འདུག

ཧྥིན་ལན་ཌི་ལྟ་བུར་མཚོན་ན་མི་འབོར་ས་ཡ་༥་༥་ཡོད་པ་དང། ཁྱོན་བདེ་སྲུང་དམག་མི་འབུམ་༩༠༠༠༠༠ དམིགས་བསལ་སྦྱོང་བརྡར་ཡོད་མཁན་དམག་མི་ཁྲི་གཉིས་དང་ཆིག་སྟོང་ཡོད་འདུག
སི་ཝེ་ཌན་ལ་བདེ་སྲུང་དམག་མི་དེ་ལས་ཉུང་བ་ཡོད་འདུག་པ་དང་། སི་ཝེ་ཌན་གྱི་བདེ་སྲུང་དམག་མི་༥༧༠༠༠ ལས་མེད་པ་དང། ཕྱི་ལོ་༡༩༩༡ ལོར་དེ་ལས་ཀྱང་ཉུང་བ་ཡོད་ཀྱང་། ཕྱིས་སུ་ཨུ་རུ་སུས་ཡུག་རེན་གྱི་ས་ཆ་ཁེར་མི་ཡ་བཙན་བཟུང་བྱས་པར་བརྟེན། སི་ཝེ་ཌན་གྱིས་དམག་མི་མང་དུ་བཏང་ཡོད་འདུག
སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་ཆགས་པ་དེར་ཉེན་ཁ་ཅི་ཞིག་ཡོད་དམ།
ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་བརྗོད་དོན་ལ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱ་སྐྱེད་བྱས་པ་དེ་ཡིས་ཨུ་རུ་སུའི་བདེ་སྲུང་ལ་ཉེན་ཁ་འཕྲད་ཀྱི་འདུག་པས། ཡུག་རེན་ལ་བཙན་འཛུལ་བྱས་པ་ཡིན་ཞེས་བརྗོད་ཡོད་ཀྱང་། དེ་ལས་ལྡོག་སྟེ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་མང་དུ་འགྲོ་བཞིན་ཡོད། དེ་སྔོན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་ཉེན་བརྡ་བཏང་དོན་ལ་སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་ཚེ་མཇུག་འབྲས་ཡག་པོ་ཞིག་ཡོང་གི་མ་རེད་ཅེས་བརྗོད་ཡོད་འདུག ད་ཆར་ཏུར་ཀིའི་རྒྱལ་ཁབ་ཀྱིས་སི་ཝེ་ཌན་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་རྒྱུ་ལ་བཀག་འགོག་བྱེད་ཀྱི་མེད་པར་བརྟེན། ཨུ་རུ་སུས་བརྗོད་དོན་ལ་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་རྣམས་བྷེ་ལ་རུ་སིའི་ནང་དབོར་འདྲེན་བྱས་ཡོད་པས། མ་འོངས་པར་སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་ལ་དཀའ་ངལ་སྤྲོད་སྲིད་པ་རེད་ཅེས་བརྗོད་འདུག
བྱང་ཆིངས་སྒྲིག་འཛུགས་ཀྱིས་སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཐུབ་བམ།

བྱང་ཆིངས་སྒྲིག་འཛུགས་ཀྱི་རྩ་འཛིན་དོན་ཚན་ལྔ་པའི་ནང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་གཅིག་ལ་རྒྱལ་ཁབ་གཞན་ནས་དམག་བརྒྱབས་པ་དང། བཙན་འཛུལ་རིགས་བྱས་ཚེ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་ཚང་མ་ལ་དགྲ་བྱས་པ་དང་གཅིག་པ་ཡིན་པས། བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་ཡོངས་ཀྱིས་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བརྗོད་ཡོད་པར་བརྟེན། སི་ཝེ་ཌན་དང་ཧྥིན་ལན་ཌི་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། འོན་ཀྱང། (The Swedish Peace and Arbitration)ཚོགས་པའི་(Deborah Solomon)ཟེར་བའི་མི་ཞིག་གིས་བརྗོད་དོན་ལ། བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱ་སྐྱེད་བྱེད་པ་ནི་རྡུལ་ཕྲན་མཚོན་ཆ་ཡོད་པའི་ཤོག་ཁག་གཉིས་བར་གྱི་འགལ་ཟླ་ཇེ་ཆེར་འགྲོ་རྒྱུ་ཡིན་པས། མ་འོངས་པ་སི་ཝེན་ཌན་གྱི་བདེ་འཇགས་ཀྱི་སྲུང་སྐྱོབ་ལ་ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་འདུག དེ་བཞིན་སི་ཝེ་ཌན་རྒྱལ་ཁབ་ནི་ལོ་མང་རིང་ཕྱོགས་གཏོགས་སྤངས་པའི་བར་གནས་ཀྱི་རྒྱལ་ཁབ་གཅིག་ཡིན་པ་དང། ཕྱི་ལོ་༡༩༦༠ ཙམ་ནས་༡༩༨༠ ཡས་མས་བར་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་དུ་རྙོག་གླེང་རིགས་བྱུང་ཚེ་སི་ཝེ་ཌན་རྒྱལ་ཁབ་ཀྱིས་བར་འདུམ་བྱེད་ཀྱི་ཡོད་ཀྱང་། ད་ཆར་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་བ་ན། སི་ཝེ་ཌན་རྒྱལ་ཁབ་ཀྱི་ལངས་ཕྱོགས་བརླག་འགྲོ་བ་དང་། བྱང་ཆིངས་སྒྲིག་འཛུགས་ཀྱིས་སི་ཝེ་ཌན་གྱི་སྔོན་མའི་ལངས་ཕྱོགས་དང་ལྟ་གྲུབ་རྩིས་མེད་གཏོང་གི་རེད་ཅེས་(Soomon)ཟེར་བའི་མི་ཞིག་གིས་བརྗོད་ཡོད་འདུག
ཏུར་ཀིས་སི་ཝེ་ཌན་ལ་བཀག་འགོག་བྱེད་དགོས་དོན་གང་ཡིན་ནམ།
ཏུར་ཀི་རྒྱལ་ཁབ་ནང་ཁར་ཌིག་ཤི་(Kurdish)ཟེར་བའི་མི་རིགས་ཤིག་ཡོད་པ་དང་། མི་རིགས་དེ་ཨི་རན་གྱི་མི་རིགས་ཡིན་ཡང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་མི་རིགས་དེ་ཁ་འཐོར་ཕྱིན་ནས་ཏུར་ཀིའི་རྒྱལ་ཁབ་ཁོངས་སུ་ཚུད་པ་ཞིག་ཡིན་འདུག ད་ཆར་མི་རིགས་དེ་ཡིས་ཏུར་ཀིའི་རྒྱལ་ཁབ་ལས་ལོག་ཏུ་རང་བཙན་རྩོད་ཀྱི་ཡོད་ཅིང་། ཏུར་ཀིའི་མི་འབོར་ལས་བརྒྱ་ཆ་༡༥་ནས་༢༠་ཙམ་ཁར་ཌི་ཤི་མི་རིགས་ཡིན་འདུག སྤྱི་ལོ་༢༠༡༦ ལོར་ཁར་ཌི་ཤི་མི་རིགས་ཀྱིས་ཏུར་ཀིའི་ནང་དྲག་རྒོལ་ཚབས་ཆེན་བྱས་པས་ཏུར་ཀིའི་གཞུང་གིས་དྲག་རྒོལ་བ་རྣམས་འཛིན་བཟུང་དང། རྡུང་རྡེག་བྱས་པའི་རྐྱེན་གྱིས་ཁར་ཌི་ཤི་མི་མང་མང་པོ་སི་ཝེ་ཌན་ནང་སྐྱབས་བཅོལ་དུ་ཕྱིན། སི་ཝེ་ཌན་གཞུང་གིས་ཁར་ཌི་ཤི་མི་རིགས་ཀྱི་སྐྱབས་བཅོལ་བ་མང་པོ་ཉར་ཡོད་པར་བརྟེན། ཏུར་ཀིའི་གཞུང་གིས་ཁར་ཌི་ཤི་མི་མང་སྐྱབས་བཅོལ་བ་དེ་དག་ནི་དྲག་སྤྱོད་པ་ཡིན་པས། སི་ཝེ་ཌན་གཞུང་གིས་ཁོ་ཚོ་ལ་རྒྱབ་སྐྱོར་བྱེད་པ་ནི་དྲག་སྤྱོད་པ་ལ་རྒྱབ་སྐྱོར་བྱས་པ་རེད་ཅེས་དང་། སི་ཝེ་ཌན་གཞུང་གིས་ཁར་ཌོ་ཤི་མི་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་བརྗོད་ཡོད། སི་ཝེ་ཌན་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་རྒྱུར་ཏུར་ཀི་ཡིས་བཀག་འགོག་བྱེད་དགོས་པའི་གནད་དོན་གཙོ་བོ་དེ་ལ་ཐུག་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
