སིམ་ལ་རྐང་སྤོལ་རུ་ཁག་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་ནང་ཞུགས་ཆོག་འདུག

ལོ་འདིའི་ཕྱི་ཟླ་༩ པའི་ནང་སིམ་ལའི་རྐང་སྤོལ་རུ་ཁག་གིས་ནོར་འཁྲུལ་ངོས་ལེན་དང་དགོངས་སེལ་སྙན་ཞུ་ཕུལ་ཡོད་པར་བརྟེན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཉེས་ཆད་ཕྱིར་འཐེན་དང་ཕྱི་ལོ་༢༠༢༤ ནས་རྒྱལ་ཡུམ་ཆེན་མོོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ནང་ཞུགས་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༢༢ ཟླ་༦ པའི་ཚེས་༢༤ ཉིན་སིམ་ལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་བར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་༢༧ པའི་རྟིང་རྩོད་ཀྱི་རྩེད་འགྲན་འགོ་བཙུགས་ནས་དུས་ཡུན་སྐར་མ་༡༨ མ་ཟིན་ཙམ་གྱི་སྐབས་སུ་དོན་གྲུབ་གླིང་གི་རྩེད་མོ་བ་ཞིག་དང་སིམ་ལའི་སྒོ་སྲུང་གཉིས་བར་གདོང་ཐུག་བྱུང་སྟེ། སྤོ་ལོ་བླུགས་སྐབས་རྩེད་དཔང་པས་སྤོ་ལོ་བླུགས་པར་ངོས་འཛིན་བྱས་ཡོད་པར། སིམ་ལ་རུ་ཁག་གིས་དགག་བྱ་ཆེན་པོ་བྱས། རྩེད་དཔང་པས་རང་གི་ཐག་གཅོད་དེར་ཕྱིར་བཤོལ་མ་བྱས་པས། སིམ་ལ་རུ་ཁག་རྩེད་ཐང་ནས་ཕྱིར་ཐོན་ཏེ་རྩེད་འགྲན་མུ་མཐུད་ནས་འགྲོ་ཐུབ་མེད་པར་བརྟེན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྟིང་རྩོད་ཀྱི་རྒྱལ་ཁ་དེ་དོན་གྲུབ་གླིང་རུ་ཁག་ལ་གནང་ཞིང་། སིམ་ལ་རུ་ཁག་དེ་ཨང་རིམ་གཉིས་པར་ངོས་འཛིན་མ་བྱས་པ་མ་ཟད་ལོ་ལྔའི་རིང་རྩེད་འགྲན་ནང་མཉམ་ཞུགས་མི་ཆོག་པ་བཟོས་ཡོད་པ་དང་། གལ་ཏེ་ཟླ་བ་གཅིག་ནང་ཚུད་དགོངས་སེལ་ཞུས་ཚེ་ཉེས་ཆད་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

སིམ་ལ་རུ་ཁག་གིས་དུས་ཐོག་དགོངས་སེལ་ཞུས་མེད་ན་ཡང་། ལོ་འདིའི་ཟླ་༩ ཚེས་༢༥ ཉིན་སིམ་ལ་རུ་ཁག་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ལ་སྙན་ཞུ་ཞིག་ཕུལ་ཡོད་འདུག་པ་དང་། སྙན་ཞུའི་ནང་། འདས་ཟིན་པའི་ལོ་ངོ་གཅིག་དེའི་ནང་ང་ཚོར་ཨང་རིམ་གཉིས་པའི་བྱ་དགའ་རག་མེད་པ་མ་ཟད། ལོ་འདིའི་རྒྱལ་ཡུམ་ཆེན་མོའི་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཀྱང་བྱུང་མེད། ལྷག་པར་དུ་ལོ་འདིར་རྒྱལ་ཁབ་ཆེན་པོའི་རུ་ཁག་འདེམ་སྒྲུག་བྱས་པ་དེའི་ནང་མཉམ་ཞུགས་བྱ་རྒྱུ་བྱུང་མེད་པ་དེ་དག་གིས་མི་མང་གི་ཁྲོད་བརྡ་ལན་གསལ་བོ་ཞིག་བྱུང་ཡོད་སྟབས། དེ་དག་ལོ་ལྔ་དང་གཅིག་མཚུངས་སུ་རྩིས་གནང་སྟེ། ལོ་རྗེས་མ་ནས་ངེད་སིམ་ལ་རུ་ཁག་ལ་རྒྱལ་ཡུམ་ཆེན་མོའི་གསེར་གྱི་རྟགས་མའི་རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བར་བཀོད་འདུག་པས།  

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ལོ་འདིའི་ཟླ་༡༠ ཚེས་༩ ཉིན་ཡིག་ལན་ཞིག་གནང་བའི་ནང་། ཕྱི་ལོ་༢༠༢༣ ཟླ་༡༠ ཚེས་༤ ཉིན་འདི་གའི་འཛིན་སྐྱོང་ལྷན་ཚོགས་བསྐོང་ཚོགས་ཀྱིས་གོང་གསལ་ཞུ་སྙན་ཐོག་བཀའ་བསྡུར་ཞུས་ཏེ་བསམ་ཤེས་ཐོག ༧རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་དུ་འཛུལ་ཞུགས་མི་ཆོག་པའི་ལོ་ལྔའི་ཉེས་ཆད་དེ་བཞིན་ཕྱིར་འཐེན་དང་སྦྲགས། སིམ་ལའི་རུ་ཁག་ལ་ཕྱི་ལོ་༢༠༢༤ ནས་བཟུང་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་ཆོག་པའི་མང་མོས་ཐག་གཅོད་བྱུང་སོང་ཡང་། སླད་ཕྱིན་དེ་རིགས་བསྐྱར་ཟློས་མི་ཡོང་བར་ཚང་མས་ཐུགས་གཟབ་བྱ་གལ་དེ་དོན་དགོངས་འཇགས་ཞུ་ཞེས་ལན་འདེབས་གནང་ཡོད་འདུག

ཕྱི་ལོ་༢༠༢༢ ལོར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གྱི་རྩོད་རྙོག་དང་འབྲེལ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སིམ་ལའི་རྐང་སྤོལ་རུ་ཁག་ལ་བསམ་ཤེས་ཀྱིས་གོ་སྐབས་ཐེངས་གཉིས་སྤྲད་ཀྱང་། ད་བར་རུ་ཁག་ནས་ཡ་ལན་བྱས་མེད་པ་དང་། ལོ་འདིའི་ཕྱི་ཟླ་༩ པའི་ནང་སིམ་ལའི་རྐང་སྤོལ་རུ་ཁག་གིས་ནོར་འཁྲུལ་ངོས་ལེན་དང་དགོངས་སེལ་གྱི་སྙན་ཞུ་ཞིག་ཕུལ་ཡོད་པར་བརྟེན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཉེས་ཆད་ཕྱིར་འཐེན་དང་། ཕྱི་ལོ་༢༠༢༤ ནས་རྒྱལ་ཡུམ་ཆེན་མོོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ནང་ཞུགས་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།