སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་གྲོས་འཆར་བཏོན་འདུག

ཕྱི་ཟླ་༡༢ ཚེས་༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སུད་ཝི་ཌན་གྲོས་ཚོགས་སུ་གྲོད་ཆོད་གྲོས་འཆར་ཁག་ཅིག་བཏོན་འདུག་པ་དང་། དེའི་ནང་དུ་༧གོང་ས་མཆོག་གི་ཡང་སྲིད་སྐོར་དང་། སུད་ཝི་ཌན་གཞུང་ནས་རྒྱ་ནག་གཞུང་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ། མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་བོད་ཕྲུག་རྣམས་བཙན་འཇུག་བྱས་པ། བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་མུ་མཐུད་རྒྱུའི་ཐད་གྲོས་མོལ་གནང་རྒྱུ་དང་། དེ་བཞིན་སུད་ཝི་ཌན་གཞུང་ནས་ཡུ་རོབ་མཐུན་ཚོགས་དང་མཉམ་ལས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་སོགས་ཀྱི་སྐོར་འཁོད་ཡོད་འདུག དི་ལོའི་ཕྱི་ཟླ་ ༩ པའི་ནང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་སུད་ཌེན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Margareta Cederfelt ཡིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་ ༡༡ བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་གྱི་མཛད་སྒོར་དབུ་བཞུགས་གནང་ཡོད་པ་རེད། དེ་བཞིན་ཕྱི་ཟླ ༩ ཚེས་ ༣ ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སུ་ཝེ་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་བོད་མིར་གདུང་སེམས་མཉམ་སྐྱེད་དང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།
