སུད་སི་མི་མང་གིས་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པར་ཕམ་ཉེས་བཏང་འདུག 

ཡུ་རོབ་དང་ཨ་རི། རྒྱ་གར་སོགས་ཀྱི་ནང་དུ་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་བཞིན་པའི་སྐབས་དེར། སུད་སི་མི་མང་གིས་རྒྱལ་ཁབ་དེའི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པར་མང་མོས་འོས་བསྡུའི་ཐག་གཅོད་བརྒྱུད་འོས་ཤོག་འཕངས་ནས། སྲིད་དོན་ཚོགས་པ་དེའི་དགོས་འདུན་ལ་ཕམ་ཉེས་ཆེན་པོ་བཏང་འདུག 

ཟླ་༩ པའི་ཚེས་༡༧ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སི་ནང་དུ། མི་མང་གིས་གལ་ཆེན་གྱི་གནད་དོན་ཁག་ཅིག་ཐོག་ཏུ་མང་མོས་འོས་བསྡུ་ཐག་གཅོད་བྱས་འདུག གནད་དོན་དེ་དག་ཁོངས་སུ་གལ་ཆེ་ཤོས་དང་བགྲོ་གླེང་ཆེ་ཤོས་བྱེད་ཡུལ་ནི། སུད་སི་དང་ཡུ་རོབ་མཐུན་ཚོགས་བར་ཕྱོགས་གཉིས་ཀྱི་མི་སེར་རྣམས་རང་དབང་གི་འགྲོ་སྐྱོད་དང་གནས་སྡོད་ཀྱི་གྲོས་མཐུན་དེ་ཆགས་འདུག སུད་སི་གྲོས་ཚོགས་ནང་དུ་རྐུབ་སྟེགས་མང་ཤོས་འཛིན་མཁན་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་སུད་སི་མི་མང་གི་ཚོགས་པ་(Swiss people’s party) ཡིས། སུད་སི་ནང་དུ་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་མི་སེར་མང་པོ་ཞིག་གནས་སྡོད་བྱས་ནས། སུད་སིར་མི་འབོར་འཕེལ་རྒྱས་དང་། ཁོར་ཡུག་དང་སྤྱི་དམངས་ཞབས་ཞུ་རྒྱུན་གནས་ཐུབ་ཐབས་བྲལ་བའི་དཀའ་ངལ་སྤྲོད་ཀྱི་ཡོད་པས། ཡུ་རོབ་མཐུན་ཚོགས་དང་བཞག་པའི་རང་དབང་གི་འགྲོ་སྐྱོད་ཀྱི་གྲོས་མཐུན་ཕྱིར་འཐེན་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ་ཕྱི་མི་འདེམས་སྒྲུག་བྱེད་ཆོག་པ་དང་རྒྱལ་ཁབ་ཀྱི་ས་མཚམས་ལ་ཡང་སྟངས་འཛིན་བྱེད་ཐུབ་རྒྱུ་ཡིན་སྐོར་བརྗོད་ནས། གནད་དོན་དེའི་ཐོག་མང་མོས་འོས་བསྡུ་ཐག་གཅོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག 

འོས་བསྡུའི་གྲུབ་དོན་དུ་མི་མང་བརྒྱ་ཆ་༦༢ ལ་ཉེ་བས་ཡུ་རོབ་མཐུན་ཚོགས་དང་རང་དབང་གི་འགྲོ་སྐྱོད་ཀྱི་གྲོས་མཐུན་མུ་མཐུད་བརྩི་སྲུང་བྱེད་རྒྱུར་རྒྱབ་སྐྱོར་བྱས་འདུག་པ་དང་། བརྒྱ་ཆ་༣༨ ཀྱིས་དགག་བྱ་བྱས་ནས། སུད་སི་མི་མང་ཚོགས་པའི་དགོས་འདུན་ལམ་ལྷོངས་བྱུང་མི་འདུག དེ་ཡང་སྲིད་དོན་ཚོགས་པ་དེས་དེ་སྔོན་ཕྱི་ལོ་༢༠༡༤ ལོར་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ནས་སུད་སིར་གནས་སྡོད་བྱེད་མཁན་གྱི་ཁ་གྲངས་ཚད་གཞི་ངེས་ཅན་བཟོ་དགོས་པའི་དགོས་འདུན་བཏོན་ནས། མང་མོས་འོས་བསྡུ་ཐག་གཅོད་ལ་རྒྱལ་ཁ་ཐོབ་ཙམ་བྱུང་ཡོད་འདུག 

དེ་ཡང་ཡུ་རོབ་མཐུན་ཚོགས་དང་སུད་སི་གཉིས་བར་གྱི་གྲོས་མཐུན་དེ་ནི་གཅིག་ལ་གཅིག་བརྟེན་ཡིན་འདུག གལ་སྲིད་སུད་སི་ཡིས་རང་དབང་གི་འགྲོ་སྐྱོད་དེ་རྩིས་མེད་བཟོས་ཚེ། ཡུ་རོབ་ཀྱི་རང་དབང་ཁྲོམ་རར་སུད་སི་ཡིས་ཚོང་ལས་གཉེར་ཆོག་གི་མེད་པ་རེད་འདུག སུད་སི་ཡི་ཐོན་རྫས་ཕྱིར་འདྲེན་བརྒྱ་ཆ་༦༠ ལྷག་ཡུ་རོབ་མཐུན་ཚོགས་ཀྱི་ཁྲོམ་རར་འགྲོ་ཡི་ཡོད་ཁར། ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ནང་སུད་སི་མི་མང་ས་ཡ་ཕྱེད་ཀ་ལྷག་གནས་སྡོད་བྱེད་ཀྱི་ཡོད་འདུག་པས། གལ་ཏེ་གྲོས་མཐུན་དེ་ཕྱིར་འཐེན་བྱས་ཚེ་སུད་སིའི་དཔལ་འབྱོར་ལ་གྱོང་གུད་ཐེབས་རྒྱུ་ཡིན་པ་མ་ཟད། ཡུ་རོབ་རྒྱལ་ཁབ་གཞན་ལ་གནས་སྡོད་བྱེད་མཁན་སུད་སི་མི་མང་ལ་ཡང་དཀའ་ངལ་འཕྲད་རྒྱུ་ཡིན་འདུག་པས། ཐེངས་འདིར་སུད་སི་མི་མང་གིས་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་དེའི་ཕྱི་མིར་སྡང་སེམས་སློང་བའི་དྲིལ་བསྒྲགས་ལས་འགུལ་ལ་རྒྱབ་སྐྱོར་མ་བྱས་པར། རྒྱལ་ཁབ་དེའི་དཔལ་འབྱོར་དང་འཚོ་གནས་ལ་སེམས་ཁུར་བྱས་ནས། གྲོས་མཐུན་དེར་མུ་མཐུད་ནས་རྒྱབ་སྐྱོར་བྱས་ཡོད་པ་རེད་འདུག 

སུད་སི་ནི་ཡུ་རོབ་ནང་དུ་ཡོད་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་ཁུངས་སུ་མེེད་ནའང་། ཕྱོགས་གཉིས་བར་གྱི་རང་དབང་གི་འགྲོ་སྐྱོད་ཀྱི་གྲོས་མཐུན་ལ་བརྟེན་ནས། ད་ལྟའི་ཆར་སུད་སི་ནང་ཡུ་རོབ་རྒྱལ་ཁབ་གཞན་གྱི་མི་སེར་ས་ཡ་༡.༤ གནས་སྡོད་དང་ལས་ཀ་བྱེད་ཀྱི་ཡོད་པས། ཡུ་རོབ་མཐུན་ཚོགས་ནས་གྲུབ་དོན་དེར་དགའ་བསུ་ཞུས་འདུག 

དེ་བཞིན་མི་མང་གིས་ཕྲུ་གུ་གསར་དུ་སྐྱེས་པའི་ཨ་ཕ་ལ་ཕྲུ་གུ་སྐྱེས་ནས་ཟླ་བ་༦ གི་ནང་ཚུད་ལ་བདུན་ཕྲག་གཉིས་རིང་གླ་ཡོད་གུང་གསེང་ལེན་ཆོག་གི་ཡོད་པ་དང་། གླ་ཆ་དེ་ཡང་བརྒྱ་ཆ་༨༠ ལྷག་ཐོབ་ཆོག་གི་ཡོད་པའི་གྲོས་ཆོད་ལ་མི་མང་གིས་རྒྱབ་སྐྱོར་བྱས་འདུག ད་དུང་མི་མང་ནས་དམག་གི་གནམ་གྲུ་ཞིག་ཉོ་བར་རྒྱབ་སྐྱོར་ཐོབ་ཙམ་བྱུང་ཡོད་འདུག དེ་བཞིན་སྲུང་སྐྱོབ་འོག་ཡོད་པའི་རི་དྭགས་ཀྱི་གྲངས་འབོར་ཉུང་དུ་འགྲོ་བར་ཉེན་ཁ་ཡོད་པའི་རི་དྭགས་རྔོན་པའི་ཁྲིམས་ལ་བསྐྱར་ཞིབ་ཀྱི་གྲོས་ཆོད་ལ་མི་མང་གིས་རྒྱབ་སྐྱོར་བྱས་མི་འདུག 

སུད་སིའི་མང་གཙོ་ལམ་ལུགས་ནི་ཐད་ཀར་གྱི་མང་གཙོ་(Direct Democracy)ཡིན་པས། གལ་ཆེན་གྱི་གནད་དོན་ཁག་གི་ཐོག་མི་མང་ནས་མང་མོས་འོས་བསྡུ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།