སུད་སི་སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་གསུང་བཤད་གནང།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༧ དང་༢༨ བཅས་ཉིན་གཉིས་ཀྱི་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཚོགས་ཆེན་ཐེངས་༡༨ པ་དེ་ཚོགས་ཡོད་པ་དང་། ཚོགས་ཆེན་དེ་མ་འཚོགས་གོང་(UNPO)ཞེས་པའི་ཚོགས་པས་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་དང་། རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྐུ་ཚབ་བསྟན་འཛིན་རྡོ་རྗེ། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་སྐུ་ཚབ་བསྟན་འཛིན་སྒྲོལ་དཀར་བཅས་མཉམ་ཞུགས་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་བགྲོ་གླེང་བའི་ཚུལ་དུ་མཉམ་ཞུགས་ཀྱིས་གཏམ་བཤད་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་ལྟར་ན། གཏམ་བཤད་ནང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དང་འབྲེལ་བའི་ཕྱི་ལོ་༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་ཀྱི་ནང་གྲོས་ཆོད་གསུམ་ལག་བསྟར་གནང་སྟེ་བོད་མིའི་ཐོབ་ཐང་གཏན་འབེབས་གནང་ཡོད་པ་གསལ་སྟོན་དང། གྲོས་ཆོད་དེ་དག་གིས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང། ཆོས་དད་རང་དབང། འདུ་འཛོམས་ཀྱི་རང་དབང། སྨྲ་བརྗོད་རང་དབང། རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང། དེ་བཞིན་རང་ཐག་རང་གཅོད་ཀྱི་རང་དབང་བཅས་ཡོད་པ་གསལ་གྱི་ཡོད་པ་བརྗོད་འདུག།
དེ་མཚུངས་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁྱབ་ཁོངས་མི་རིགས་དབྱེ་འབྱེད་སྔོན་འགོག་དང་གྲངས་ཉུང་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༩༡ ལོར་རྒྱ་ནག་གཞུང་གིས་བོད་ནང་དྲག་སྤྱོད་བྱས་པའི་སྐོར་གསལ་སྟོན་གནང་བའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་སྐོར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གྲོས་ཆོད་དང། ཕྱི་ལོ་༡༩༥༩ ནས་བཟུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལྷན་ཚོགས་ཀྱིས་སྙན་ཐོ་བཏོན་ཡོད་ཀྱང་། བོད་ནང་གི་གནས་སྟངས་ད་དུང་ཡང་ཛ་དྲག་པོ་དང་། ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སེམས་འཚབ་བསྟན་ཡོད་འདུག།
རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་བོད་ནང་གི་བོད་མི་ཚོར་དོན་དང་ལྡན་པ་ཞིག་དགོས་རྒྱུ་བཅས་ནན་བརྗོད་གནང་ཞིང། དེའི་ཁོངས་སུ་བོད་པའི་ཕ་མ་ཚོར་རང་གི་ཕྲུ་གུ་བོད་ཀྱི་སྐད་ཡིག་དང། ངོ་བོ། ཆོས། རིག་གཞུང་བཅས་སྦྱང་སྤྱོད་སྤེལ་གསུམ་ཆོག་པའི་སློབ་གྲྭར་འཇུག་པའི་ཐོབ་ཐང་ཚུད་ཡོད་པ་གསལ་སྟོན་གནང་བ་མ་ཟད། བོད་ནང་བྱིས་པ་ལོ་ན་བཞི་ཙམ་ཡིན་པའི་ས་ཡ་གཅིག་ལྷག་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭར་འཇུག་བཞིན་ཡོད་པ་དང་། དེ་དག་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ཀྱི་རྩ་འཛིན་ལག་བསྟར་དང་འགལ་གྱི་ཡོད་ཅེས་གསུངས།
སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་རང་གི་སྲོལ་རྒྱུན་འཚོ་བའི་ལམ་སྲོལ་སྤྱོད་པར་བཀག་བསྡོམས་བྱེད་བཞིན་ཡོད་པ་དང་། སྲིད་བྱུས་དེ་དག་གིས་བོད་ཀྱི་རིག་གཞུང་དེ་རྒྱ་ནག་ཅན་དུ་བསྒྱུར་བའི་གནས་སྟངས་ཆགས་ཡོད་པ། དཔེར་ན། རྒྱ་ནག་གཞུང་གིས་རྒྱལ་སྤྱིར་བོད་ཀྱི་གར་དང་རིག་གཞུང་འཁྲབ་སྟོན་རྣམས་རྒྱ་སྒྱུར་བྱེད་བཞིན་པ་སོགས་གསལ་སྟོན་གནང་། འདི་དག་གིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འགྲེལ་བརྗོད་ལ་རྒྱབ་རྟེན་ལྟ་བུ་ཆགས་ཀྱི་ཡོད་པ་དང་། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ངོས་ལེན་མེད་པ་གསལ་པོ་མངོན་ཐུབ་ཅེས་གསུངས།
འཕྲིན་ལས་ཆོས་སྐྱིད་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་སྐོར་གསུང་ཞིང་། ཆོས་དད་རང་དབང་གི་གལ་གནད་དང་། བོད་མི་ཚོའི་ཆོས་དད་དང་སྲོལ་རྒྱུན་གྱི་གནད་དོན་དག་བོད་མི་ཚོའི་ལག་ཏུ་ཡོད་ཅེས་གསལ་བཤད་གནང་། དེ་མ་ཟད་འདི་ལོར་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་ནང་མི་ལྷན་རྒྱས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ འཁོར་གྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་ལ་བོད་མི་ཚོས་ངོས་ལེན་མེད་པའི་སྐོར་ཡང་འགྲེལ་བརྗོད་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
