སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས།

སུད་སིའི་དཔྱིད་དུས་གྲོས་ཚོགས་ལས་རིམ་དང་སྟབས་བསྟུན། ཕྱི་ལོ་༢༠༢༢ ཟླ་༣ ཚེས་༧ ཉིན་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཤིག་འཚོགས་འདུག

ལྷན་ཚོགས་དེ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོའི་གཙོ་སྐྱོང་འོག གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་ལྷན་དུ། སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་དང་སུད་སི་དང་ལིག་ཊེན་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད། སུད་བོད་མཛའ་འབྲེལ་ཚོགས་གཙོ་ཐོ་མ་སི་(Thomas Buchli) དང་ལྷ་དབང་ངོར་ཁང་གསར་བཅས་ཚོགས་བཅར་བྱས། སྐབས་དེར་ད་ལྟའི་བོད་ནང་གི་ཛ་དྲག་གནས་ཚུལ་སྤྱི་དང་སུད་སིའི་ནང་གི་བཙན་བྱོལ་བོད་མི་ཚོར་སྐྱབས་བཅོལ་གྱི་ཡིག་ཆ་མེད་པའི་དཀའ་ངལ་གནས་སྟངས། བོད་དོན་མ་འོངས་ལས་འཆར་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་ཡོད་འདུག །

གསར་འགོད་པ་བདེ་སྒྲོན།