སུའུ་ཌན་གྱི་གྲོས་ཚོགས་ནང་འཕོ་འགྱུར་བཏང་བའི་སྲིད་བློན་ལ་བསྐྱར་དུ་འོས་ཐོབ་ནས་བསྐོ་བཞག་བྱས་འདུག 

སུའུ་ཌན་(Sweden) གྱི་གྲོས་ཚོགས་ཀྱིས་སྲིད་བློན་ལ་ཡིད་ཆེས་མེད་པའི་འོས་བསྡུ་བྱས་ཏེ་སྲིད་བློན་སི་ཌན-ལོ་ཝན་(Stefan Lofven) འཕོ་འགྱུར་བཏང་ནས་བདུན་ཕྲག་འགའ་ཤས་ཕྱིན་པའི་རྗེས། སླར་ཡང་གྲོས་ཚོགས་ནང་འོས་འཕངས་ནས་ཁོང་ཕྱིར་སྲིད་བློན་དུ་བསྐོ་བཞག་བྱས་ཡོད་འདུག 

ཕྱི་ཟླ་༧ ཡུ་རོབ་ཀྱི་ཚེས་༧ རེས་གཟའ་ལྷག་པའི་ཉིན་བསྡུས་པའི་གྲོས་ཚོགས་ཀྱི་འོས་བསྡུ་དེའི་ནང་། སྲིད་བློན་བསྐྱར་དུ་འདེམས་དགོས་པའི་འོས་ཤོག་༡༡༦ དང་། མི་དགོས་པའི་འོས་༡༧༣། བར་གནས་ཀྱི་འོས་༦༠ བཅས་བྱུང་འདུག་ཅིང་། སུའུ་ཌན་གྱི་ཁྲིགས་ལུགས་འོག་ཏུ་གྲོས་ཚོགས་འཐུས་མི་ཕྱེད་ཀ་ལྷག་གིས་མི་དགོས་པའི་འོས་འཕངས་ན་མ་གཏོགས། སྲིད་བློན་གཏན་འཁེལ་བྱེད་ཆོག་གི་ཡོད་འདུག 

གྲོས་ཚོགས་ཀྱི་ཚོགས་གཙོ་ཨན་ཌོར-ནོར་ལཱན་(Andreas Norlen) གྱིས་“མི་དགོས་པའི་འོས་འཕེན་མཁན་རྩ་འབོར་གྱི་ཕྱེད་ཀ་ལས་ཉུང་བ་བྱུང་བས། གྲོས་ཚོགས་ནས་སི་ཌན-ལོ་ཝན་སྲིད་བློན་དུ་བསྐོ་བའི་གྲོས་ཆོད་གཏན་ལ་ཕབ་པ་ཡིན་”ཞེས་བསྒྲགས་ཡོད་འདུག 

གྲོས་ཚོགས་ནས་གྲོས་ཆོད་དེ་བཞག་རྗེས། སི་ཌན-ལོ་ཝན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ་“གྲོས་ཚོགས་ཀྱིས་ང་ལ་མུ་མཐུད་འགོ་ཁྲིད་པའི་ཡིད་ཆེས་གནང་བ་རེད་”ཅེས་བརྗོད་པའི་ཐོག ཁོང་གིས་ལས་དོན་དེ་“གུས་བརྩི་དང་ཆོད་སེམས་ཀྱིས་”བསྒྲུབ་ཀྱི་ཡིན་ཞེས་གསུངས་འདུག 

དེ་ཡང་ཕྱི་ཟླ་༦ ཡུ་རུབ་ཀྱི་ཚེས་༢༡ ཉིན་སུའུ་ཌན་གྱི་གྲོས་ཚོགས་ནང་དུ་སྲིད་བློན་སི་ཌན-ལོ་ཝན་ལ་ཡིད་ཆེས་མེད་པའི་ཐོག་ནས་གནས་དབྱུང་གཏོང་རྒྱུའི་གྲོས་འཆར་ཞིག་བཏོན་པའི་ནང་། གནས་དབྱུང་གཏོང་དགོས་པའི་འོས་༡༨༡ དང་། མི་དགོས་པའི་འོས་༡༠༩། བར་གནས་༥༡ བཅས་བྱུང་ནས་ཁོང་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་བཞག་འདུག་པ་དང་། དེ་ནི་སུའུ་ཌན་གྱི་ལོས་རྒྱུས་ནང་དུ་ཆེས་ཐོག་མ་བྱུང་བ་ཡིན་འདུག

སུའུ་ཌན་གྱི་རྩ་ཁྲིམས་ལྟར་ན། གྲོས་ཚོགས་ཀྱིས་སྲིད་བློན་ཞིག་འཕོ་འགྱུར་བཏང་ཚར་བའི་རྗེས་སུ་ཁོང་ལ་བར་བརྒལ་འོས་བསྡུའི་རེ་སྐུལ་འདོན་པའམ། ཡང་ན་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་སྲིད་གཞུང་གསར་འཛུགས་བྱེད་དུ་འཇུག་རྒྱུ་གཉིས་གང་རུང་འདེམས་པའི་དུས་ཚོད་བདུན་ཕྲག་ཅིག་ཡོད་འདུག་པས། སི་ཌན-ལོ་ཝན་གྱིས་ཕྱི་ཟླ་༦ ཚེས་༢༨ ཉིན་ཕྱི་མ་དེ་བདམས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་སྲིད་གཞུང་གསར་པ་ཞིག་འཛུགས་སུ་བཅུག་སྟབས། ཐེངས་འདིར་གྲོས་ཚོགས་ཀྱིས་ཁོང་བསྐྱར་དུ་སྲིད་བློན་ལ་བསྐོ་བཞག་བྱས་པ་ཡིན་འདུག 

གྲོས་ཚོགས་ནས་སྲིད་བློན་བསྐོ་བཞག་ཟིན་རྗེས། སྲིད་བློན་གྱིས་“འཕྲལ་དུ་”བཀའ་བློན་ལས་ཁུངས་གསལ་བསྒྲགས་བྱེད་དགོས་འདུག་པ་དང་། དེ་ནས་སྲིད་གཞུང་གསར་པས་སུའི་ཌན་གྱི་རྒྱལ་པོའི་མདུན་ནས་དངོས་སུ་ལས་དོན་འགོ་འཛུགས་པའི་མཛད་སྒོ་འཚོགས་དགོས་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།