སེ་པན་གྱིས་ཀེ་ཌ་ལོ་ནི་ཡའི་སྲིད་གཞུང་འཕོ་འགྱུར་བཏང་ནས་འོས་བསྡུ་བསྐྱར་དུ་བྱ་རྒྱུ།

ཡུ་རོབ་སེ་པན་གྱི་རང་སྐྱོང་མངའ་ཁུལ་ཀེ་ཌ་ལོ་ནི་ཡའི་གྲོས་ཚོགས་ཀྱིས། མངའ་ཁུལ་དེ་སེ་པན་ནང་ཁ་བྲལ་ནས་རང་བཙན་ཡིན་པའི་བསྒྲགས་གཏམ་སྤེལ་བའི་རྗེས། སེ་པན་གཞུང་གིས་མངའ་ཁུལ་དེའི་སྲིད་གཞུང་འཕོ་འགྱུར་བཏང་ནས་བསྐྱར་དུ་འོས་བསྡུ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

ཟླ་༡༠ པའི་ཚེས་༣༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ཚེས་༢༧ ཉིན་སེ་པན་གྱི་རང་སྐྱོངས་མངའ་ཁུལ་ཀེ་ཌ་ལོ་ནི་ཡའི་གྲོས་ཚོགས་ཀྱིས། དེ་སྔོན་ཟླ་༡༠ པའི་ཚེས་༡ ཉིན་ཁུལ་དེའི་མི་མང་བརྒྱ་ཆ་༤༣གྱིས་རང་བཙན་དགོས་མིན་ཐད་ཀྱི་མང་མོས་ཐག་གཅོད་འོས་བསྡུ་བྱས་ནས། མི་མང་བརྒྱ་ཆ་༩༠ ལ་ཉེ་བས་རང་བཙན་གྱི་མངོན་འདོད་ལ་རྒྱབ་སྐྱོར་བྱས་ཡོད་པའི་གྲུབ་དོན་དེར། མངའ་ཁུལ་གྲོས་ཚོགས་ཀྱིས་དངོས་སུ་གཞུང་འབྲེལ་ཐོག་ནས་རང་བཙན་གཙང་མ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པར། སེ་པན་གཞུང་གིས་བསྒྲགས་གཏམ་དེ་རྩིས་མེད་ཡིན་སྐོར་བརྗོད་ནས། ཁུལ་དེའི་སྲིད་གཞུང་དང་གྲོས་ཚོགས། རང་སྐྱོངས་ཀྱི་གནས་བབ་སོགས་ཕྱིར་བསྡུ་བྱས་ཏེ། ཟླ་༡༢ པའི་ཚེས་༢༡ ཉིན་ཁུལ་དེའི་སྲིད་གཞུང་བསྐྱར་དུ་འོས་བསྡུ་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད་འདུག

ཀེ་ཌ་ལོ་ནི་ཡའི་མངའ་ཁུལ་གྱི་སྲིད་འཛིན་ཀལ་སེ་པིའུ་ཌེ་མོན་གྱིས། མི་མང་གིས་སེ་པན་གཞུང་གི་ཐད་ཀར་འཛིན་སྐྱོང་དེར་མང་གཙོའི་ཁེ་དབང་ཐོག་ནས་ངོ་རྒོལ་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པ་དང་། སེ་པན་སྲིད་གཞུང་གིས་གནས་དབྱུང་བཏང་བའི་སྲིད་འཛིན་པིའུ་ཌེ་མོན་སྐབས་དེར་བཙོན་འཇུག་བྱས་མེད་ན། འོས་བསྡུ་གསར་པ་དེའི་ནང་མཉམ་ཞུགས་བྱེད་ཆོག་གི་ཡོད་སྐོར་བརྗོད་འདུག དེ་ཡང་སེ་པན་གཞུང་གི་སྤྱི་ཁྱབ་ཁྲིམས་རྩོད་པས་ཀེ་ཌ་ལོ་ནི་ཡའི་འགོ་ཁྲིད་ཚོས་རང་བཙན་བསྒྲགས་གཏམ་སྤེལ་རྐྱེན་གྱིས། ཁྲིམས་འགལ་གྱི་ནག་ཉེས་ཀྱི་གྱོད་འཛུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག་ཀྱང་། གལ་ཏེ་འགོ་ཁྲིད་དེ་དག་ལ་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་ཚེ། མངའ་ཁུལ་དེར་བརྟན་ལྷིང་མེད་པ་ཆགས་ཉེན་ཡོད་འདུག་པས། སེ་པན་སྲིད་གཞུང་གིས་གོམས་པ་གང་འདྲ་རྒྱག་གི་ཡོད་མེད་ཚོད་དཔག་བྱེད་དཀའ་བ་རེད་འདུག

ཡུ་རོབ་བྷེལ་ཇེམ་གྱི་གནས་སྤོ་དང་སྐྱབས་བཅོལ་ལས་ཁུངས་ཀྱི་བློན་ཆེན་ཐེའུ་ཧྤེ་རན་ཀེན་གྱིས། གལ་ཏེ་ཀེ་ཌ་ལོ་ནི་ཡའི་རང་བཙན་བསྒྲགས་གཏམ་སྤེལ་མཁན་གྱི་འགོ་ཁྲིད་ཚོས། ལུང་པ་དེར་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་ཚེ་ཐོབ་སྲིད་སྐོར་དང་། ད་ལྟའི་ཆར་ཁོ་ཚོ་སུ་གང་གིས་སྐྱབས་བཅོལ་ཞུས་མེད་སྐོར་བརྗོད་འདུག དེ་ཡང་ཡུ་རོབ་ནང་ཡུ་རོབ་རྒྱལ་ཁབ་གཞན་གྱི་མི་མང་ལ་སྐྱབས་བཅོལ་སྤྲོད་མཁན་ཁ་ཤས་ཡོད་པའི་ཁོངས་ནས་བྷེལ་ཇེམ་ཚུད་ཀྱི་ཡོད་པ་རེད།

ཟླ་༡༠ པའི་ཚེས་༢༩ ཉིན་ཀེ་ཌ་ལོ་ནི་ཡའི་རྒྱལ་ས་བྷར་སི་ལོ་ནར། སེ་པན་ལས་ཁ་བྲལ་ནས་རང་བཙན་བྱེད་པར་རྒྱབ་སྐྱོར་མེད་མཁན་མི་མང་ཕོན་ཆེན་འཛོམས་ཏེ། ཆིག་སྒྲིལ་དགོས་པ་དང་། རང་བཙན་ལ་ངོ་རྒོལ། དེ་བཞིན་སྲིད་འཛིན་པིའུ་ཌེ་མོན་བཙོན་འཇུག་དགོས་པའི་ལས་འགུལ་ཁྱབ་ཆེན་པོ་ཞིག་སྤེལ་ཡོད་འདུག

དེ་ཡང་རང་བཙན་མངོན་འདོད་ཐད་མང་མོས་ཐག་གཅོད་འོས་བསྡུའི་གྲུབ་དོོན་དུ་རྒྱབ་སྐྱོར་ཆེན་པོ་ཐོབ་རྗེས། ཟླ་༡༠ པའི་ཚེས་༡༠ ཉིན་ཀེ་ཌ་ལོ་ནི་ཡའི་གྲོས་ཚོགས་ནང་སྲིད་འཛིན་པིའི་ཌེ་མོན་གྱིས། གྲུབ་དོན་དེས་ཀེ་ཌ་ལོ་ནི་ཡ་རང་བཙན་རྒྱལ་ཁབ་ཆགས་པའི་དབང་ཚོད་ཐོབ་ཡོད་སྐོར་བརྗོད་ནས། གྲོས་ཚོགས་ཀྱི་ཟུར་དུ་ཁོང་དང་འགོ་ཁྲིད་ཁག་ཅིག་གིས་རང་བཙན་བསྒྲགས་གཏམ་ལ་མིང་རྟགས་བཀོད་ནས། གྲོས་ཚོགས་ཀྱིས་བསྒྲགས་གཏམ་གནས་སྐབས་མི་སྤེལ་བའི་རེ་སྐུལ་བྱས་ཡོད་པ་རེད། དེ་ཡང་སེ་པན་གཞུང་དང་གྲོས་མོལ་ཡོང་ཆེད་ཡིན་འདུག་ཀྱང་། སེ་པན་གཞུང་ནས་གྲོས་མོལ་བྱེད་འདོད་པའི་རྣམ་འགྱུར་མེད་པར། ཁུལ་དེར་ཐད་ཀར་འཛིན་སྐྱོང་བྱེད་ཆེད་ཀྱི་རྩ་ཁྲིམས་དོན་ཚན་༡༥༥ པ་དེ་ནུས་ཡོད་བཟོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད། གྲོས་མོལ་གྱི་ལམ་ཁ་མེད་པ་མཐོང་རྗེས། ཀེ་ཌ་ལོ་ནི་ཡའི་གྲོས་ཚོགས་ཀྱིས་རང་བཙན་བསྒྲགས་གཏམ་སྤེལ་བ་དང་སྦྲགས། སེ་པན་གྱི་གྲོས་ཚོགས་གོང་མས་རྩ་ཁྲིམས་དོན་ཚན་༡༡༥ པ་ནུས་ཡོད་བཟོ་བར་རྒྱབ་སྐྱོར་བྱས་ཡོད་པ་དང་། སེ་པན་གཞུང་གིས་ཀེ་ཌ་ལོ་ནི་ཡའི་སྲིད་གཞུང་དང་གྲོས་ཚོགས། རང་སྐྱོང་གནས་བབས་ཕྱིར་བསྡུ་བྱས་ཏེ། བསྐྱར་དུ་འོས་བསྡུ་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད་དེ།

རང་སྐྱོང་གི་གནས་བབས་དེ་གནས་སྐབས་རིང་ཕྱིར་བསྡུ་བྱས་པ་ལས། གཏན་དུ་ཕྱིར་བསྡུ་བྱས་པ་ཞིག་མིན་འདུག སྤྱིར་ཀེ་ཌ་ལོ་ནི་མངའ་ཁུལ་དེ་སེ་པན་ནང་དཔལ་འབྱོར་གྱི་གནས་བབས་ཡག་ཤོས་ཀྱི་མངའ་ཁུལ་ཡིན་པ་དང་། ཁུལ་དེར་རང་སྐྱོང་གི་གནས་བབས་ཚུལ་དུ་སྲིད་གཞུང་དང་གྲོས་ཚོགས་སོགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།