སོ་ནམ་འདེབས་ལས་ཀྱི་དྲིལ་བསྒྲགས་དེ་ཞི་ཅིན་ཕིང་ལ་འཕྱ་སྨོད་ཀྱི་གླེང་གཞིར་གྱུར་པ།

ཕྱི་ཟླ་༣ ཚེས་༡༨ ཉིན། དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ས་གནས་ཤིག་ཏུ་བོད་ཀྱི་སོ་ནམ་འདེབས་ལས་འགོ་འཛུགས་བྱེད་པའི་སྐབས། ས་གནས་དཔོན་པོ་འགའ་ཤས་ཀྱིས། དྲིལ་བསྒྲགས་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་སྤྲེལ་ལད་འཁྲབ་ཐབས་སུ། ཞི་ཅིན་ཕིང་གི་འདྲ་པར་ཆེན་པོ་ཞིག་གིས་སྣེ་ཁྲིད་པའི་རྗེས་སུ་ལྭ་བ་དཀར་པོ་གྱོན་ཞིང་ལག་ཏུ་ཁ་བཏགས་དཀར་པོ་འཛིན་མཁན་བོད་མི་མང་པོ་ཞིག་གིས་བྲོ་འཁྲབ་པ་དང་བང་བསྒྲིགས་ནས་འགྲོ་བཞིན་པའི་བརྙན་དང་པར་དྲ་ཐོག་ཏུ་སྤེལ་ཡོད་འདུག
བོད་ཀྱི་གོམས་སྲོལ་དུ་གོས་དཀར་པོ་གྱོན་པ་ནི་བཀྲ་ཤིས་པའི་རྟགས་ཤིག་ཡིན་ན་ཡང་། རྒྱ་ནག་གི་ལུགས་སྲོལ་ལྟར་ན། མི་ཤི་བའི་དུར་མཆོད་བྱེད་པའི་སྐབས། གཞི་ནས་མི་ཤི་བོའི་འདྲ་པར་གྱིས་སྣེ་འདྲེན་པ་དང་། ནང་མི་དང་དུར་སྐྱེལ་མཁན་ཚོས་གོས་དཀར་གྱོན་ནས་བང་བསྒྲིགས་ཏེ་འགྲོ་བའི་ལམ་སྲོལ་ཡོད་པར་བརྟེན། རྒྱ་ནག་གི་དྲ་དམངས་ཚོས་བརྙན་དེ་དག་མཐོང་མ་ཐག འདི་དུར་མཆོད་རེད་དམ། ཞི་ཅིན་ཕིང་ཕེབས་ཚར་བ་རེད་དམ་ཞེས་ཟུར་ཟ་དང་འཕྱ་སྨོད་ཀྱི་གླེང་སློང་སྣ་ཚོགས་ཤིག་བྱུང་འདུག
གནས་ཚུལ་དེ་རྒྱ་ནག་གི་དྲ་ཐོག་ཏུ་ཁྱབ་བརྡལ་འགྲོ་བཞིན་པའི་རྗེས་སུ། ས་གནས་དཔོན་པོ་ཚོས་ཞེད་སྣང་དང་བྲེལ་འཚུབ་ཀྱིས་བརྙན་དང་པར་ལམ་སང་མེད་པ་བཟོས་ཡོད་ན་ཡང་། མི་མང་པོས་བརྙན་དང་པར་སོགས་ཕབ་ལེན་བྱས་ནས་སྤེལ་ཟིན་པར་བརྟེན། དྲ་ཐོག་ཏུ་དུར་མཆོད་ག་དུས་བྱས་པ་རེད། ངས་ད་བར་ཤེས་མ་སོང་ཟེར་བ་སོགས། ཞི་ཅིན་ཕིང་ལ་དམའ་འབེབས་དང་ཟུར་ཟ། སྤྲེལ་ལད་འཁྲབ་མཁན་དཔོན་རིགས་ཚོར་འཕྱ་སྨོད་བྱེད་ཤུགས་ཆེར་ཕྱིན་ཡོད་འདུག
གནས་ཚུལ་དེ་དང་འབྲེལ། བཙན་བྱོལ་དུ་གནས་སྡོད་བྱེད་མཁན་འགས་ངོ་དེབ་ཐོག་ཏུ། རྒྱ་ནག་གི་དཔོན་པོ་ཚོས་བོད་ཀྱི་གོམས་སྲོལ་དེ་རྒྱ་ནག་གི་དྲིལ་བསྒྲགས་ཆེད་བེད་སྤྱོད་གཏོང་འདོད་ཡོད་ཀྱང་། ཁོ་ཚོ་ནི་བོད་ཀྱི་རིག་གནས་དང་རྒྱ་ནག་རང་གི་ལུགས་སྲོལ་དབར་གྱི་ཁྱད་པར་ལ་རྨོངས་ནས་ཡོད་པ་དོན་རྐྱེན་འདིས་གསལ་བཤད་བྱས་ཡོད་ཅེས་དང་། ཡང་འགའ་རེས་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་མིན་པའི་རྒྱུ་མཚན་གྱིས། བོད་ཀྱི་བཀྲ་ཤིས་པའི་རྟེན་འབྲེལ་དེ་རྒྱ་ནག་གི་དུར་མཆོད་ཀྱི་རྣམ་པ་ཞིག་ཏུ་གྱུར་ཏེ། གཞུང་གི་དྲིལ་བསྒྲགས་དེ་དགོད་བྲོ་བའི་དོན་རྐྱེན་ཞིག་ཏུ་བསྒྱུར་འདུག་ཅེས་སྤེལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
