སོ་མ་ལི་རྒྱལ་ཁབ་དུ་ཐན་པའི་དཀའ་ངལ་འོག་ཕྲུ་གུ་༣༥༠༠༠༠ ལ་སྲོག་ཉེན་འདུག
ཟླ་འདིའི་ཚེས་༡༡ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། སོ་མ་ལི་རྒྱལ་ཁབ་ལ་ཐན་པའི་དཀའ་ངལ་འབྱུང་བཞིན་པ་དང་། ད་ལྟ་ནས་རོགས་པ་མ་བྱས་ཚེ་ཡུལ་དེའི་བྱིས་པ་༣༥༠༠༠༠ ལ་ཟས་བཅུད་མ་འདང་ནས་ཤི་བའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག
ཆེད་ལས་པ་ཚོས་བརྗོད་གསལ་ལ་གཞིག་ན། སོ་མ་ལིའི་ཡུལ་ལ་འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་གི་ཐན་པ་སྡུག་ཤོས་དེ་འབྱུང་བཞིན་ཡོད་པ་དང་། ད་ལྟའི་ཆར་ཕ་མ་ཚོར་ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་ལ་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་འདུག
སོ་མ་ལི་ཡུལ་གྱི་སློབ་གྲྭ་འགྲོ་རྒྱུའི་ལོ་ཚད་ལོན་པའི་བྱིས་པ་༧༠% སློབ་གྲྭ་ལ་འགྲོ་ཡི་མེད་པ་དང་། ཇུ་རྦ་(Juba) ཞེས་པའི་ས་ཁུལ་གཅིག་ཏུ་ཐན་པའི་དཀའ་ངལ་གྱིས་སློབ་གྲྭ་བཞི་བཅུ་ཞིག་སྒོ་བརྒྱབ་ཡོད་འདུག་ལ། དེ་ལྟ་བུའི་གནས་ཚུལ་ནི་ཐན་པའི་དཀའ་ངལ་ཡོད་པའི་ས་གནས་གཞན་དང་གཞན་དུ་ཡང་འབྱུང་སྲིད་པའི་གནས་ཚུལ་ཐོན་འདུག དེ་བཞིན་ཁྱིམ་ཚང་མང་པོས་བུ་མོ་ཚོ་གསོ་སྐྱོང་བྱེད་མི་ཐུབ་པའི་སྟབས་ཀྱིས་ཡུལ་དེའི་བུ་མོ་མང་པོ་ལ་ལོ་ན་ཆུང་དུས་ནས་གཉེན་སྒྲིག་བྱེད་བཅུག་གི་ཡོད་པའི་གནས་ཚུལ་ཐོན་འདུག
སོ་མ་ལིའི་ཡུལ་དུ་ཐན་པ་བྱུང་བའི་དབང་གིས་མི་མང་ས་ཡ་༤་༥ ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཡུལ་དེ་ལ་ཡོད་པའི་ཇུ་རྦ་(Juba) ཞེས་པའི་ཆུ་བོ་དེ་ནི་སོ་མ་ལི་ཡུལ་གྱི་རྒྱུགས་ཆུ་ཆེ་ཤོས་དེ་ཡིན་ཡང་། ད་ལྟའིི་ཆར་ཆུ་ཐིགས་པ་གཅིག་ཀྱང་མེད་པར་སྐམ་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཇུ་རྦ་ཆུ་བོ་ནི་མི་མང་ས་ཡང་མང་པོའི་འཚོ་བ་རྟེན་ས་ཞིག་ཡིན་པ་དང་། ད་ལྟའི་ཆར་མི་མང་འབུམ་བདུན་ལྷག་ཁྱིམ་དང་ཁ་བྲལ་ནས་ས་གནས་གཞན་ལ་ཆུ་དང་ཁ་ལག་འཚོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། ཡུལ་དེ་ལ་ཆར་ཆུ་དུས་ཐོག་མ་བབས་ནས་ནམ་དུས་བཞི་ཕྱིན་ཟིན་པ་དང་། ཡུལ་གྱི་ཚ་ཚད་ནི་བཟོད་པ་དཀའ་བའི་གནས་སུ་བསླེབས་ཡོད་པས་སོ་མ་ལི་ཡུལ་གྱི་ས་ཁྱོན་བརྒྱ་ཆ་༩༠% ཙམ་ཞིག་སྐམ་ས་རུ་འགྱུར་བཞིན་ཡོད་འདུག
གྲོང་གསེབ་ཁག་གི་ལམ་ཟུར་དུ་ར་དང་བུང་བུ། རྔ་མོང་སོགས་ཀྱི་ཤི་བའི་རོ་ཡིས་ཁེངས་བཞིན་པ་དང་། ཡུལ་དེའི་ཁ་ལག་གི་རིན་གོང་ནི་ཇེ་ཆེ་རུ་འགྲོ་བཞིན་ཡོད་པས། གྲོང་གསེེབ་བ་མང་པོ་གྲོང་འཁྱེར་དུ་གནས་སྤོ་བཞིན་ཡོད་འདུག ཤུལ་དུ་ལྷག་མཁན་དག་ནི་རྒན་འཁོགས་དག་ཡིན་ཞིང་། ཁོང་ཚོས་ཡུལ་ལ་ཆར་ཆུ་འབབ་རྒྱུ་དང་ནང་མིི་ཚོས་ཆུ་འཁྱེར་ནས་ཡོང་རྒྱུ་ལ་རེ་སྒུག་བྱེད་བཞིན་ཡོད་འདུག
སོ་མ་ལི་ཡིའི་ཐན་པའི་དཀའ་ངལ་དེ་ནི་སོ་མ་ལི་གཅིག་པུ་ཙམ་མ་ཡིན་པར ཨ་ཧྤེ་རེ་ཁི་གླིང་ཕྲན་གྱི་ས་ཁུལ་གཞན་ལ་ཡང་ཤུགས་རྐྱེན་སྤྲད་བཞིན་ཡོད་འདུག རྒྱལ་སྤྱི་རྒྱ་གྲམ་དམར་པོ་ཚོགས་པས་ཉུང་མཐའ་ལ་ཨ་ཧྥེ་རེ་ཁའི་གླིང་ཕྲན་གྱི་བཞིི་ཆ་གཅིག་ལ་ཟས་རིགས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་འདུག ས་གནས་གཅིག་ནས་གཞན་དུ་སྤོ་མཁན་ནི་ཉིན་རེ་ནས་ཇེ་མང་དུ་འགྲོ་བཞིན་པ་དང་བཀྲེས་སྐོམ་གྱི་དཀའ་རྙོག་དེ་ཇི་ལྟར་ཆེ་ཡང་ད་ལྟའི་ཆར་རྒྱལ་སྤྱིའི་རོགས་ཚོགས་དང་ཐེབས་རྩ་ཀུན་གྱིས་ཨུ་རུ་སུ་དང་ཡུག་
རེན་གྱི་དམག་འཁྲུག་ཐོག་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཟླ་འདིའི་ནང་དུ་ཆར་བ་མ་བབས་ཚེ་སོ་མ་ལིའི་དཀའ་ངལ་དེ་ཇེ་ཆེ་རུ་འགྲོ་རྒྱུ་ཡིན་པས་མི་མང་པོས་ཞེད་སྣང་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།