སོ་སོ་ཆེན་པོ་དང་མ་འདྲ་བ་ཡིན་བསམ་ན་གྲོགས་མེད་གཅིག་པུ་ཆགས་ཀྱི་རེད།

༧གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་དང་། སངས་རྒྱས་པའི་ལྟ་གྲུབ་ཕྱུག་པོ་ཡོད་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་ཐབས། བོད་ཡིག་ཡར་རྒྱས་གཏོང་རྒྱུ་བཅས་ཁོང་སྐུ་མ་གྲོངས་བར་དུ་ཁོང་གི་འགན་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སློབ་གནང་སོང་།

1དེ་ཡང་ཟླ་འདིའི་ཚེས་༥ ཉིན་གྱི་སྔ་དྲོར་རྡོ་རྗེ་གདན་དུ་དུས་དབང་གི་སྔོན་འགྲོའི་གསུང་ཆོས་དངོས་སུ་དབུ་འཛུགས་ཀྱི་ཐོག་མར་རྒྱ་གར་གྱི་དགེ་འདུན་པ་ཁག་ཅིག་གིས་པཱ་ལིའི་སྐད་ཐོག་ནས་བཀྲ་ཤིས་པའི་ཚིགས་སུ་བཅད་པའི་མདོ་དང་། དེ་ནས་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་གིས་ལེགས་སྦྱར་གྱི་སྐད་ཐོག་ནས་ཤེས་རབ་སྙིང་པོ་བཏོན་རྗེས། བོད་སྐད་ཐོག་ཤེས་རབ་སྙིང་པོ་འུར་འདོན་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “སློབ་མ་ཚོས་དེ་རིང་ལེགས་སྦྱར་གྱི་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུངས་པ་རེད། ལེགས་སྦྱར་གྱི་སྐད་ནང་ཐོག་མར་ཐེག་ཆེན་གྱི་གཞུང་མཛད་ནས་ལོ་སྟོང་ཕྲག་གཉིས་ཕལ་ཆེར་ཕྱིན་མེད་འགྲོ། སངས་རྒྱས་ཀྱི་བསྟན་པ་པཱ་ལིའི་སྐད་ནང་རྨང་གཞི་ཞིག་ཡོད་པ་དེ་ལེགས་སྦྱར་ནང་གཞུང་གཙོ་བོ་རིག་པའི་ལམ་ལ་བསྟེན་ནས་བསྟན་པའི་གནས་གཏན་ལ་ཕབ་ནས། ད་ལྟ་བར་དུ་གནས་པ་རེད། དང་པོ་འབྱུང་ས་རྒྱ་གར་རེད་ལ། བར་ལམ་ཉམས་ཆག་ཞེ་དྲག་ཕྱིན་པ་རེད། དེ་རིང་ཁ་སང་གཞི་ནས་རྒྱ་གར་ནང་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག སློབ་ཕྲུག་ཁག་ཅིག་གིས་ཤེས་རབ་སྙིང་པོ་ལེགས་སྦྱར་སྐད་ཐོག་གསུངས་རེད། དངོས་གནས་བཤད་ན་ལོ་སྟོང་ཕྲག་གཉིས་དང་དྲུག་བརྒྱ་ལྷག་ཅིག་འགྲོ་ཡི་ཡོད་རེད། ཡིན་ཡང་གཞི་ནས་ཡུལ་འདིར་ཞེ་ས་མ་ཞུས་ན་སངས་རྒྱས་ཀྱི་བསྟན་པ་མི་ལྟ་བུ་ཡིན་ན་སྐྱེ་བ་གསར་པ་བླངས་པ་ལྟ་བུ་སླེབས་ཡོང་གི་འདུག དེ་རིང་སློབ་ཕྲུག་ཚོས་དེ་བཏོན་ཡོང་དུས་ང་རང་སེམས་ལ་དགའ་སྐྱོ་ཟུང་འབྲེལ་འདྲ་བྱུང་སོང་”ཞེས་བཀའ་སློབ་གནང་ཡོད་པ་རེད།

 

2༧གོང་ས་མཆོག་གིས་ཁོང་མི་ཞིག་ཡིན་པའི་ཆ་ནས་མི་ཚང་མར་གཅིག་མཚུངས་སུ་ལྟ་རྒྱུ་དང་བྱམས་བརྩེ་གལ་ཆེན་ཡིན་སྐོར་དང་། དེ་བཞིན་ཁོང་དགེ་སློང་ཞིག་ཡིན་པའི་ཆ་ནས་མིིའི་ཁམས་དང་མོས་པ་ལ་བསྟུན་ནས་བྱམས་བརྩེ་གོང་འཕེལ་བྱེད་རྒྱུ་དེ་ཡིན་སྐོར་གསུངས་པ་དང་། ཁོང་བོད་མི་ཞིག་ཡིན་པའི་ཆ་ནས་དང་༧རྒྱལ་བ་རིན་པོ་ཆེའི་མིང་ཡོད་པའི་ཆ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་བསྡད་ཡོད་ནའང་། རིམ་པས་ཆབ་སྲིད་ཀྱི་འགོ་ཁྲིད་རྒྱུ་མཚམས་བཞག་ནས། མང་གཙོའི་ལམ་ནས་ཆབ་སྲིད་ཀྱི་དབུ་ཁྲིད་བསྐོ་ཡི་ཡོད་སྐོར་གསུངས་སོང་།

དེ་བཞིན་སངས་རྒྱས་པའི་ཆོས་དང་རིག་གཞུང་ཐོག་འགན་ཁུར་གནང་རྒྱུ་ཡིན་སྐོར་དང་འབྲེལ་ནས་གསུང་དོན། “སངས་རྒྱས་པའི་ཆོས་དེ་བོད་པའི་དོན་མ་ཡིན་པར་འཛམ་གླིང་སྤྱིའི་ནང་པ་ཡོངས་ཀྱི་སྤྱི་ནོར་ལ་ཕལ་ཆེར་ངོས་འཛིན་བྱེད་ཐུབ་ཀྱི་རེད། དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ན། འཛམ་གླིང་སྤྱི་དང་སྒོས་སུ་ནང་པའི་ཡུལ་གྲུ་ཁག་ལ་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད། ནང་དོན་རིག་པའི་ནང་ཡོད་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་ལ་ཚན་རིག་པ་དེ་ཚོས་དོ་སྣང་བྱེད་ཀྱི་ཡོད་པས། འཛམ་གླིང་སྤྱི་ལ་ཕན་པ་ཞིག་རེད་”ཅེས་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་བོད་ཡིག་དང་འབྲེལ་ནས་གསུང་དོན། “མེས་པོ་ཚོས་ང་ཚོར་ཡི་གེ་མེད་སར་ཡི་གེ་གསར་པ་བཟོས་ནས། བཀའ་བསྟན་པོ་ཏི་མང་པོ་བོད་ཡིག་ནང་བསྒྱུར། དེང་སྐབས་སེམས་ཁམས་རིག་པའི་རྣམ་གཞག་དང་། ཚད་མའི་རྣམ་གཞག ལྟ་གྲུབ་སྐོར་འགྲེལ་བཤད་རྒྱག་རྒྱུར་བོད་ཡིག་དེ་ཡག་ཤོས་རེད། བོད་ཡིག་དེ་དེང་དུས་ཀྱི་ཤེས་ཡོན་ནང་བེད་སྤྱོད་བྱེད་རྒྱུ་བྱུང་ཡོད་པ་མ་རེད་ལ། ཡར་རྒྱས་སོང་མེད་པས་མ་འདང་བ་ཡོད་པ་ལས། རྒྱ་གར་ནས་ཡོང་བའི་རིག་གནས་དེ་ཚོ་མང་པོ་ཞིག་ལ་བོད་ཡིག་ལས་ལྷག་པ་ཞིག་མེད་པ་རེད་འདུག་”ཅེས་བོད་ཡིག་ལ་ད་ལྟ་བར་བདག་པོ་བརྒྱབ་པ་དང་། ཡར་རྒྱས་གཏོང་དགོས་སྐོར་གསུངས་པ་དང་། “བོད་ཀྱི་ཁོར་ཡུག་དང་། སངས་རྒྱས་པའི་ལྟ་གྲུབ་ཕྱུག་པོ་ཡོད་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་རྒྱུ། དེའི་གཞི་རྩ་བོད་ཡིག་ཡིན་པས་དེ་ཉམས་པ་མེད་པ་དང་། ཚན་རིག་དང་འཕྲུལ་ཆས་ནང་བོད་ཡིག་གིས་མ་འདང་བ་ཡོད་པ་དེ་ཚོ་ཡར་རྒྱས་གཏོང་རྒྱུ་ང་མ་ཤི་བར་དུ་ངའི་འགན་ཆགས་བསྡད་ཡོད་པ་རེད། དེ་བྱེད་རྒྱུ་ཡིན་”ཞེས་བཀའ་སློབ་ལམ་སྟོན་གནང་སོང་།

༧གོང་ས་མཆོག་གིས་སངས་རྒྱས་ཆོས་ཚོགས་མ་བཀའ་ཁྲིད་གནང་རྗེས་ཐོས་བསམ་སྒོམ་གསུམ་གལ་ཆེན་ཡིན་སྐོར་དང་། ལུང་ཆ་ཚང་ཉིན་བཞིའི་ནང་ཚར་པ་བྱེད་རྒྱུ་ཡིན་པས་ད་ཐེངས་ཁྱེད་རང་ཚོ་རྡོ་རྗེ་གདན་དུ་སོང་ནས་སྒོམ་རིམ་དང་སྤྱོད་འཇུག་གི་ལུང་ཆ་ཚང་ཐོབ་སོང་ཟེར་བ་ཡོད་པ་ཞིག་དང་། མུ་མཐུད་ཚང་མས་བསྒོམ་དགོས་སྐོར་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་མི་ཚང་མ་གཅིག་མཚུངས་ཡིན་པ་དང་མི་ཡིན་པའི་འདུ་ཤེས་འཛིན་དགོས་སྐོར་འབྲེལ་ནས་གསུང་དོན། “ང་རྒྱལ་བ་རིན་པོ་ཆེ་ཡིན་ཞེས་གལ་ཆེན་པོར་བརྩིས་ན། འཛམ་གླིང་ནང་རྒྱལ་བ་རིན་པོ་ཆེ་གཅིག་མ་གཏོགས་ཡོད་པ་མ་རེད། བསམ་བློའི་ནང་གྲོགས་མེད་གཅིག་པུ་ཆགས་ཀྱི་རེད། ང་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་ནང་གི་གཅིག་ཡིན་བསམ་ན། གཡས་གཡོན་རྒྱབ་མདུན་གང་ལ་བལྟས་ཀྱང་གྲོགས་པོ་མང་པོ་རེད། རྒྱལ་བ་རིན་པོ་ཡིན་བསམ་པའི་གལ་ཆེན་པོར་བརྩིས་ན། གཡས་གཡོན་གང་ལ་བལྟས་ཀྱང་ང་རང་གཅིག་པུ་རེད། གྲོགས་མེད་གཅིག་པུར་འདུག་རྒྱུ་རེད། དེ་གྱོང་རེད་འདུག་ཨ། མི་གཅིག་པ་ཡིན་བསམ་ན་མི་ལ་ཕན་གྱི་ཡོད་མེད་མི་ཤེས་ཏེ་ང་རང་སྐྱིད་པོ་འདུག མི་ཆེན་པོར་ཐུག་ནའང་མི་གཅིག་པ་ཡིན་བསམ་ན། ཨ་རིའི་སྲིད་འཛིན་མང་པོ་ངས་ངོ་ཤེས་ཀྱི་རེད། ཐུག་པ་དང་མི་གཅིག་གྱུར་གྱི་རྣམ་པ་འདྲ་མཐོང་ན་སེམས་ཐག་ཉེ་པོ་ཆགས་ཀྱི་འདུག ང་དཔོན་པོ་ཡིན་དང་། ང་སྲིད་འཛིན་ཡིན་བསམ་ནས་སྤོམ་པོ་འདྲ་བསྡད་ན། ངས་དུས་ཚོད་དེ་ཚར་སོང་ན་བསམ་གྱི་འདུག མི་གཅིག་གྱུར་གྱི་བསམ་བློ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “ཕར་མི་གཅིག་གྱུར་གྱི་འདུ་ཤེས་བཞག་ཏེ་སེམས་ཐག་ཉེ་པོ་བྱས་ན་ཚུར་སེམས་ཐག་ཉེ་པོ་བྱེད་ཀྱི་རེད། ནུབ་ཕྱོགས་ཡིན་ནའང་རེད། རྒྱ་གར་ཡིན་ནའང་རེད། མི་སུ་ལ་ཐུག་ན་ངས་རྣམ་འགྱུར་དེ་འདྲ་སྟོན་གྱི་ཡོད་པས། ང་ལ་ཁེ་བཟང་འདུག ཁྱེད་རང་ཚོ་བླ་མ་ཡིན་ཟེར་བ་དང་མཁན་པོ་ཡིན་ཟེར་བ་མི་འདྲ་བ་ཡིན་མདོག་བྱས་ན་སོ་སོ་གྲོགས་མེད་གཅིག་པུར་ལྷག་ན་སྡུག་གྱོང་རེད་”ཅེས་ཞལ་ཤོམ་དང་བསྒྲགས་ནས་གསུངས་སོང་། སྔོན་འགྲོའི་གསུང་ཆོས་སྒོམ་རིམ་བར་མ་དང་སྤྱོད་འཇུག་གསུང་གི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོ་རྗེ་གདན་ནས།