སྐད་འཕྲིན་གྱིས་གནས་སྐབས་རིང་བཀོལ་སྤྱོད་པ་གསར་པ་དེབ་སྐྱེལ་མཚམས་འཇོག་བྱེད་རྒྱུ་རེད་འདུག
རྒྱ་ནག་གཞུང་གིས་རྒྱ་ནག་གི་འཕྲུལ་རིག་དང་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་རྣམས་ལ་དམ་དྲག་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་དེར། ཁྱབ་ཆེ་བའི་སྤྱི་ཚོགས་དྲ་ལམ་དང་འཕྲིན་ཐུང་མཉེན་ཆས་སྐད་འཕྲིན་གྱིས་གནས་སྐབས་རིང་བཀོལ་སྤྱོད་པ་གསར་པ་དེབ་སྐྱེལ་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག
ཟླ་༧ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༧ ཉིན་སྐད་འཕྲིན་གྱིས་གསལ་བསྒྲགས་ཤིག་སྤེལ་ནས། འབྲེལ་ཡོད་ཁྲིམས་དང་སྒྲིག་གཞིར་བསྟུན་ནས་སྐད་འཕྲིན་གྱི་བདེ་འཇགས་འཕྲུལ་རིག་ཡར་རྒྱས་གཏོང་ཆེད་དུ་ལས་ཀ་བྱེད་རྒྱུ་ཡིན་པས། ཟླ་བ་༨ པའི་འགོ་སྟོད་བར་དུ་བཀོལ་སྤྱོད་པ་སྒེར་དང་ཚོགས་སྡེ་ཚང་མ་དེབ་སྐྱེལ་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་སྐོར་དང་། ལས་དོན་དེ་ཟླ་༨ པའི་འགོ་སྟོད་ལ་གྲུབ་རྒྱུ་ཡིན་པའི་རེ་བ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག འོན་ཀྱང་ཚོང་ལས་ཁང་དེས་ཁྲིམས་དང་སྒྲིག་གཞི་ག་རེ་དང་བསྟུན་གྱི་ཡོད་མེད་གསལ་བཤད་བྱས་མི་འདུག
ཉེ་བའི་ཆར་ནས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ། འཕྲུལ་རིག་དང་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་ཚོའི་དབང་ཤུགས་ཆེ་དྲགས་ཀྱི་ཡོད་པས། སྟངས་འཛིན་གྱི་ཁྲིམས་གཏན་འབེབས་དགོས་པའི་དགོས་འདུན་མང་དུ་འགྲོ་བཞིན་ཡོད་པ་རེད་དེ། གྲོས་ཚོགས་སོགས་སུ་བགྲོ་གླེང་སོགས་མང་གཙོའི་ལམ་བུར་འགྲོ་བཞིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཐད་ཀར་རྒྱ་ནག་ནང་གི་འཕྲུལ་རིག་དང་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་ཚོའི་དབང་ཤུགས་རྒྱ་བསྐྱེད་བཀག་འགོག་ཆེད་དུ་ཁྲིམས་གང་བྱུང་ལ་ཁ་གཡར་ནས་དམ་དྲག་དང་སྟངས་འཛིན་བྱེད་ཀྱི་ཡོད་པས། རྒྱ་ནག་གི་ཚོང་ལས་ཁང་དེའི་རིགས་ཀྱི་མ་རྐང་རིན་གོང་མར་ཆག་བཞིན་ཡོད་འདུག
རྒྱ་ནག་ནང་དུ་མི་མང་ས་ཡ་བརྒྱ་ཕྲག་མང་པོས་འབྲེལ་མཐུད་དང་ཉོ་ཚོང་། འགྲིམ་འགྲུལ་སོགས་ཀྱི་ཞབས་ཞུ་མང་པོ་ཞིག་ཆེད་དུ་སྐད་འཕྲིན་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག་པ་དང་། རྒྱ་ནག་གི་ཕྱི་ཕྱོགས་སུ་གནས་སྡོད་བྱེད་མཁན་ཁྲོད་དུ་ཡང་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་མང་པོ་ཡོད་ཁར། རྒྱ་ནག་གི་ཚོང་ལས་ཁང་དང་ཚོང་རྒྱག་མཁན་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་པ་མང་པོ་ཞིག་སྐད་འཕྲིན་ལ་བརྟེན་གྱི་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱིིའི་ནང་རྒྱ་ནག་གཞུང་གིས་སྐད་འཕྲིན་བརྒྱུད་ནས་མི་མང་ལ་སོ་མྱུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཐོན་ཡོད་ཁར། བོད་མི་ཡང་མང་པོ་ཞིག་སྐད་འཕྲིན་ཐོག་གི་བྱེད་ལས་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་པ་རེད།
དཔྱད་བརྗོད་པ་ཁག་གིས་བརྗོད་དོན་ལྟར་ན། དེང་གི་ཆར་རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་ཕྱིན་ནས། རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཡོད་པ་ཆགས་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གཞུང་གིས་ཉེན་ཁ་ཞིག་མཐོང་ནས་སྟངས་འཛིན་བྱེད་བཞིན་ཡོད་སྐོར་འདུག དེ་ཡང་ལོ་སྔོན་མར་རྒྱ་ནག་གི་ཚོང་པ་སྐད་གྲགས་ཆེ་ཤོས་མཱ་ཡི་ཇཱེག་ཚོང་ལས་ཁང་ཨཱ་ལི་བྷ་བྷ་ཡི་ཡན་ལག་དཔལ་འབྱོར་ཚོང་ལས་སྡེ་ཚན་(Ant Group) གྱི་མ་རྐང་ཁྲོམ་རར་གསར་ཞུགས་ཀྱི་ལས་དོན་བཀག་འགོག་བྱས་ཏེ། ཨ་སྒོར་ཐེར་འབུམ་མང་པོ་གྱོང་གུད་བཏང་ཡོད་ཁར། ཕྱིས་སུ་ཚོང་ལས་ཁང་དེར་ཉེས་ཆད་ཨ་སྒོར་ཐེར་འབུམ་༢.༨ ཉེས་ཆད་བཏང་ཡོད་འདུག རྒྱ་ནག་གཞུང་གིས་ཚོང་ལས་ཁང་༣༤ ལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་འཇུག་གི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཚོང་ལས་ཁང་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་མ་རྐང་ཁྲོམ་རར་གསར་ཞུགས་མ་བྱས་པའི་སྔོན་དུ། གཞུང་གི་འབྲེལ་ཡོད་ལས་ཁང་ནས་ཆོག་མཆན་ཐོབ་དགོས་སྐོར་བརྗོད་ཡོད་འདུག་པས། རྒྱ་ནག་གཞུང་གི་དོ་དམ་སྟངས་འཛིན་ལས་དོན་ལ་གཞིགས་ནས། རྒྱ་ནག་གི་ཚོང་ལས་ཁང་ཚོར་མ་འཇོག་བྱེད་མཁན་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
