སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལོ་ལྔའི་བཙོན་འཇུག་ཚང་ནས་གློད་གྲོལ་ཐོབ་འདུག
བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལ་རྒྱ་ནག་གཞུང་གོས་ལོ་ལྔའི་བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་ཐོབ་འདུག་ན་ཡང་། ཁོང་ལ་འགྲོ་འདུག་དང་ཆབ་སྲིད་ཀྱི་རང་དབང་ཅི་ཙམ་འཐོབ་ངེས་པ་དེ་དྲི་བ་ཞིག་ཆགས་ཡོད་འདུག
བོད་ཀྱི་སྐད་ཡིག་ལས་འགུལ་བ་དང་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ཟླ་འདིའི་ཚེས་༢༨ ཉིན་ལོ་ལྔའི་བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་ཐོབ་འདུག་པ་དང་། ཁོང་གི་ནང་མིས་ཁོང་གི་ཁྲིམས་རྩོད་པ་ལ་ཁོང་གི་སྐུ་གཟུགས་གནས་སྟངས་ཨོ་ཙམ་ཡོད་སྐོར་བརྗོད་ཡོད་འདུག
བཀྲ་ཤིས་དབང་ཕྱུག་ནི་ཁམས་སྐྱེ་དགུ་མདོའི་ཚོང་པ་དཀྱུས་མ་ཞིག་ཡིན་ཞིང་། ཁོང་གིས་སོ་སོའི་ཕ་ཡུལ་གྱི་སྲིད་གཞུང་དང་། སློབ་གྲྭའི་ནང་རྒྱ་ཡིག་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་མཐོང་རྗེས། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ཐབས་གནང་ན་ཡང་། རྒྱ་གཞུང་གིས་རྩ་ཁྲིམས་ཚུལ་བཞིན་ལག་བསྟར་བྱེད་རྒྱུའི་ཚབ་ཏུ་ཁོང་ལ་ཁ་བྲལ་རིང་ལུགས་པའི་ནག་ཉེས་གཡོགས་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་བཅད་ཡོད།
ཕྱི་ལོ་༢༠༡༥ ལོར་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཁང་ནས་བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ཐོག་ནས་ཡུལ་ཤུལ་དང་། བོད་ཀྱི་ས་ཁུལ་གཞན་གྱི་སློབ་གྲྭ་ཁག་ཏུ་བོད་ཡིག་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་རྒྱལ་ས་པེ་ཅིང་ལ་ཞུ་གཏུགས་གནང་དུ་ཕེབས་པའི་སྐོར་གྱི་རྩོམ་དང་བརྙན་ཐུང་ཞིག་སྤེལ་བའི་རྗེས། ཁོང་མི་མང་དང་རྒྱ་ནག་གཞུང་གི་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་བ་དང་། དེ་ནས་ཟླ་བ་གཉིས་ཕྱིན་པའི་རྗེས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་ཁོང་གསང་བའི་ཐོག་ནས་འཛིན་བཟུང་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཉིན་གཅིག་གི་ཁྲིམས་བཤེར་ལས་མེད་པར་ཁོང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
ཁོང་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་བའི་གནས་ཚུལ་དེ་བརྒྱུད་ལམ་སྣ་ཚོགས་སུ་བརྒྱུད་སྤེལ་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་(Amnesty International) ཡིས་“ཁོང་ལ་རང་དབང་ཅི་ཙམ་འཐོབ་ཡོང་ངམ་”ཞེས་དོགས་འདྲི་བྱས་འདུག རྒྱུན་དུ་ཆབ་སྲིད་བཙོན་པ་རྣམས་བཙོན་གྲོལ་ཐོབ་པའི་རྗེས་སུའང་གཞུང་གི་ལྟ་སྲུང་ནན་པོའི་འོག་ཏུ་འཚོ་དགོས་ཀྱི་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
