སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འགོ་འཛུགས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས། བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་མུས་ཡིན་པ་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་དོན་བསྐྱར་ཞིབ་དང་བོད་རྒྱ་གྲོས་མོལ་ཡོང་ཐབས་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
ཟླ་༩ ཕའི་ཚེས་༡༩ ཉིན་དྷ་ས་གངས་སྐྱིད་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཁང་དུ། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་ཐེངས་བཞི་པ་འགོ་འཛུགས་བྱས་ཡོད་པ་དང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་གནང་སྐབས། ཐེངས་འདིའི་གྲོས་ཚོགས་ཚོགས་ཐེངས་༤ པའི་ཐོག་སྤྱི་འཐུས་གཅིག་གཟུགས་པོ་བདེ་མིན་གྱི་དགོངས་པ་ཞུས་པ་ལས། དེ་མིན་ཚང་མ་ཕེབས་ཐུབ་ཡོད་པ་དང་། སྤྱི་འཐུས་མང་ཆེ་བས་རྒྱ་བལ་འབྲུག་གསུམ་གྱི་ནང་དུ་ཡོད་པའི་བོད་མིའི་གནས་སྡོད་ཁག་མང་ཆེ་བར་ཕྱོགས་བསྐྱོད་ཕེབས་ཐུབ་ཡོད་པ། ས་གནས་ཁག་ཅིག་གི་གནས་སྟངས་ལ་གཞིགས་པས་ཕེབས་ཐུབ་མེད་པས། གྲོས་ཚོགས་གྲོལ་རྗེས་ཕེབས་རྒྱུ་ཡིན་པ། ས་གནས་ཁག་ཏུ་མི་མང་གི་གནས་སྟངས་ལ་རྟོག་ཞིབ་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་སོགས་ངོ་སྤྲོད་གནང་ནས། ས་གནས་ཁག་གི་འཕྲོད་བསྟེན་དང་ཤེས་ཡོན་སོགས་ཀྱི་གནས་སྟངས་ཐོག་སྙན་ཐོ་ཕུལ་ཡོད་སྐོར་གསུངས་སོང་།
དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསུང་དོན། ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་གནས་མུས་ཡིན་པ། རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་གྱི་ལས་གཞི་མང་པོ་བཏིང་ནས། བསམ་བློའི་སློབ་གསོ་མང་པོ་ཞིག་སྤྲད་ཀྱི་ཡོད་པ་དང་། ཕྱི་ལོག་ལ་བོད་ནང་བདེ་སྐྱིད་དང་འབྱོར་འབྲིང་གི་སྤྱི་ཚོགས་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་བོད་ནང་གི་འཛུགས་སྐྲུན་ལས་གཞི་མང་པོ་ཞིག་རྒྱ་ནག་གཞུང་ལ་ཁེ་ཕན་ཡོད་པ་ཡིན་པ། དེ་བཞིན་ཕྱི་ལོ་༢༠༠༩ ནས་ད་བར་བོད་ནང་དུ་རང་ལུས་མེར་སྲེག་གནང་མཁན་༡༤༩ ཙམ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་བར་ཁོང་རྣམ་པའི་མངོན་འདོད་གཞིར་བཞག་ནས། རྟོག་ཞིབ་དང་ལན་འདེབས་གང་ཡང་བྱས་མེད་སྐོར་གསུངས་རྗེས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་། ཆོས་དད་རང་དབང་མེད་པ། དེ་བཞིན་ཁོར་ཡུག་གི་གནས་སྟངས་ཡག་པོ་མེད་པ་དང་སྲུང་སྐྱོབ་རང་དབང་མེད་པ་གསལ་པོ་ཡིན་པ་ལྟར། ཉེ་ཆར་ཨ་རིའི་ཕྱི་སྲིད་ཀྱི་སྙན་ཐོ་དང་མཉམ་སྦྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་རིམ་པས་ནང་། བོད་ནང་གི་གནས་སྟངས་རྣམས་གསལ་སྟོན་དང་གླེང་སློང་བྱུང་ཡོད་པ་རྣམས་བདེན་པ་ཡིན་པས། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་འཚོག་ལ་ཉེ་བའི་ཏང་གི་ཚོགས་ཆེན་ཐེངས་༡༩ པའི་རྗེས་ཀྱི་འགོ་ཁྲིད་ཚོས། བོད་དོན་ལ་བསྐྱར་ཞིབ་དང་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གྲོས་མོལ་ཡོང་བར་དགོངས་པ་ཆེ་བཞེས་དགོས་རྒྱུ་གལ་ཆེན་རེད་ཅེས་ཞུ་འདོད་ཡོད་སྐོར་གསུངས་སོང་།
ཁོང་གིས་མུ་མཐུད་ནས་ཨ་རི་དང་སུད་སི། རྒྱ་གར་བཅས་ཀྱི་གྲོས་ཚོགས་སྐུ་ཚབ་དྷ་སར་ཕེབས་ཐུབ་ཡོད་སྐོར་གསུངས་པ་དང་། བཅའ་ཁྲིམས་ཀྱི་འགན་དབང་སྐུར་བ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་འགན་ཁུར་ནས་ལས་དོན་ཧུར་ཐག་བྱེད་བཞིན་ཡོད་པར་བསྔགས་བརྗོད་དང་། གྲོས་ཚོགས་ནས་ཀྱང་གང་ཡོང་གནང་གི་ཡོད་པ་ལྟར། སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཨུ་རུ་སུ་དང་ཉི་ཧོང་དུ་ཕེབས་ནས་བོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་གླེང་ཐུབ་ཡོད་པ། གྲོས་ཚོགས་རྗེས་སུ་ཡུ་རོབ་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕེབས་རྒྱུ་ཡིན་སྐོར་གསུངས་སོང་།
༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་ནས་གསུང་དོན། གྲོས་ཚོགས་ནང་དུ་ཡོད་མཁན་རྣམ་པ་དང་མི་མང་རྣམས་ཀྱིས། ༧གོང་ས་མཆོག་གི་མཛད་འཕྲིན་དང་ཐུགས་རེ་རྒྱུན་སྐྱོང་ཡོང་ཐབས་འགན་འཁུར་བཞེས་དགོས་པ་གལ་ཆེན་ཡིན་པ། ༧གོང་ས་མཆོག་དགུང་ལོ་བརྒྱད་ཅུ་གྱ་གསུམ་ཡིན་ཡང་། སྐྱེ་བོ་ཕལ་པ་དག་དང་མི་འདྲ་བར་ཁོང་གི་མཛད་པ་འཕྲིན་ལས་རྒྱ་ཆེ་རུ་འགྲོ་བཞིན་པ་དང་དོ་སྣང་སྤྲོད་མཁན་ཡང་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པས། བོད་མིའི་ངོས་ནས་༧གོང་ས་མཆོག་གི་བཀའ་དྲིན་བསམ་པའི་ཐོག་ནས་རྗེས་དྲན་དང་དྲིན་ལན་ལོག་འཇལ་གྱི་ངོ་བོར་མི་འགྲོ་བ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐེངས་བཞི་པ་དེ་ཟླ་༩ པའི་ཚེས་༡༩ ནས་༢༨ བར་ཏེ་ཉིན་དགུ་ཡི་རིང་འཚོག་རྒྱུ་ཡིན་པ་དང་། ལས་རིམ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་ཡན་ལག་ཁག་གི་ལས་བསྡོམས་སྙན་ཐོ་དང་བགྲོ་གླེང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་འདོན་རྒྱུ་དང་བགྲོ་གླེང་། དེ་བཞིན་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་དང་ གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་། དེ་བཞིན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་གནང་རྒྱུ་བཅས་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།