སྐབས་༡༧ པའི་གྲོས་ཚོགས་མཇུག་སྒྲིལ་དང་ཚོགས་གཙོའི་གསུང་བཤད།
[བཞུགས་སྒར་དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༣ ཚེས་༣༠ ཉིན་གྱི་སྔ་དྲོར། ལས་ཉིན་༡༣ རིང་ཚོགས་པའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའམ་མཐའ་མ་དེ་མཇུག་བསྒྲིལ་གནང་སོང་། ཚོགས་དུས་འདིའི་ཐོག་ཕྱི་ལོ་༢༠༢༦-༢༧ ལོའི་སྔོན་རྩིས་དང་། གལ་ཆེའི་ཁྲིམས་སྒྲིག་ཁག་ཅིག་གཏན་འབེབས་གནང་སོང་།

ཐེངས་འདིའི་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ཕྱི་ལོ་༢༠༢༦-༢༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་སྔོན་རྩིས་བསྡོམས་ཧིན་སྒོར་ ༣,༤༠༨,༨༣༦,༣༠༤ སྤྱི་མོས་ཐོག་བཀའ་འཁྲོལ་གཏན་འབེབས་གནང་བ་དང་། དེ་བཞིན་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་པ་གཏན་འབེབས་དང་། གཞན་ཡང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཁག་ཀྱང་གཏན་འབེབས་གནང་སོང་།
དེ་རིང་གི་ལས་རིམ་ལྔ་པ། ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་གནང་སྐབས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་བརྒྱ་ཆ་༩༡ གཞན་བརྟེན་ཆགས་ཡོད་པ་དང་། སྒྲིག་འཛུགས་ཀྱི་རོགས་སྐྱོར་ཁག་ཅིག་ནི་གཞུང་དང་ཚོགས་སྡེ་ཁག་ཡིན་ན་ཡང་། ཁག་ཅིག་ནི་སྒེར་པ་ཆགས་ཡོད་པ་དང་། ང་ཚོའི་སྤྱི་ཚོགས་སུ་ཡང་དཔལ་འབྱོར་གྱི་གནས་སྟངས་གང་འཚམ་ཡག་པོ་ཡོད་པ་ཚོས་བོད་ཀྱི་ཆོས་རིག་གཞུང་། སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཆེད་དང་། དེ་བཞིན་ཉམ་ཐག་དང་འཕྲོད་བསྟེན་གྱི་གནས་སྟངས་ཞན་པོའི་རིགས་ལ། བོད་པས་བོད་པར་རོགས་པ་བྱས་ཐུབ་ན། བོད་མིའི་སྒྲིག་འཛུགས་ལ་ཕན་པ་ཙམ་མ་ཟད། བོད་པའི་སྤྱི་ཚོགས་སུ་མིག་དཔེ་བཟང་པོ་ཞིག་ཀྱང་ཆགས་ཡོད་པ་གསུངས་སོང་།
དེ་བཞིན་ཚོགས་གཙོ་མཆོག་གིས་སྐབས་བཅུ་བདུན་པའི་ལས་ཡུན་ནང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་༨༢ བཞག་ཐུབ་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་༡༠ བཙུགས་ཡོད་པ་དང་། ཁྲིམས་བཟོའི་ལས་དོན་༤༨ སོགས། མ་འོངས་པར་སྒྲིག་འཛུགས་ལ་དཀའ་ངལ་ཕྲད་ཚེ་སྔར་ལྟར་མ་ཡིན་པའི་ལམ་ཁ་གསར་པ་ཞིག་བཟོ་ཐུབ་ཡོད་པ་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཞེས་གསུངས་སོང་།
གཞན་ཡང་། ཚོགས་གཙོས་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཡུན་ནང་ཕྱི་ལོ་༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དང་། ཕྱི་ལོ་༢༠༢༥ ལོར་ཉི་འོང་རྒྱལ་ས་ཊོཀ་ཡོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་བསྐོང་ཚོགས་གནང་བ་སོགས། སྐབས་གཅིག་གི་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས་ཐུབ་པ་ཐེངས་དང་པོ་ཆགས་ཡོད་པ་དང་། ལྷག་པར་དུ་མེཀ་སི་ཀོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་ཡོད་པ་གསུངས་སོང་།
དེ་བཞིན་འདས་པའི་ལོ་ལྔའི་ནང་བོད་མི་མང་སྤྱི་འཐུས་རྣམ་པ་ས་ཁོངས་ཆ་བགོས་ཀྱིས་བོད་མིའི་འདུ་སྡོད་དང་སུད་ཚོང་ས་གནས་ཁག་ལ་ཕེབས་ཏེ་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་དང་། མང་ཚོགས་ཀྱི་བདེ་སྡུག་ཁག་ལ་གཟིགས་རྟོག་སོགས་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་སྐོར་དང་། གྲོས་ཚོགས་ནས་སྔོན་རྩིས་བཀའ་འཁྲོལ་དང་། གལ་ཆེའི་ཁྲིམས་སྒྲིག་ཁག་བསྐྱར་བཅོས་དང་གཏན་འབེབས་གནང་བའི་སྐོར། རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་སྐུལ་གནང་བའི་ལས་རིམ་དང་འབྲེལ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་སོང་། །
གསར་འགོད་པ། བློ་བཟང་རྒྱ་མཚོ།
