སྐབས་༡༧ པའི་གྲོས་ཚོགས་ཚོགས་ཐེངས་༤ པ་མཇུག་བསྒྲིལ་སོང་།
ཟླ་༩ པའི་ཚེས་༡༦ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཚོགས་དུས་བཞི་པ་མཇུག་བསྒྲིལ་ཡོད་པ་དང་། ལས་ཉིན་མཐའ་མའི་ཉིན་རྒྱ་གར་གཞུང་མང་གཉིས་དང་ལྷག་པར་དུ་བོད་སློབ་འཛིན་ཚོགས་ཀྱི་དབུ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་ཡོད་ཁར། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་མཇུག་སྐྱོང་དང་སྦྲགས། སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ལས་གྲུབ་པའི་མི་སྣ་ལྔ་ཅན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། དེ་བཞིན་ལས་བྱེད་འདེམས་སྒྲུག་བསྐོ་གཞག མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་སོགས་ཀྱི་འགྲོ་ལུགས་བཟོས་ཏེ་ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སུ་འབུལ་ལམ་ཞུ་ཐུབ་པ་གནང་གཏན་ཁེལ་བྱུང་ཡོད་པ་རེད།
དེ་ཡང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མཇུག་བསྡོམས་གསུང་བཤད་དུ། ཐེངས་འདིའི་ཚོགས་དུས་ཐོག་འཆར་ཅན་གྱི་ལས་རིམ་ཁག་ཕུད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་བསྡུས་པ་དང་སྤྱི་འཐུས་རྒྱུན་ལས་ནས་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་གནང་བའི་སྙན་ཐོ། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་སྒྲིག་གཞི་བསྐྱར་བཅོས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མ་འོངས་པར་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་རྒྱུ། གཞན་ཡང་། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཡོངས་སུ་རྩིས་བཞེས་ཟིན་པ་ལྟར། རྒྱ་གར་གཞུང་མང་གཉིས་དང་ལྷག་པར་དུ་བོད་སློབ་འཛིན་ཚོགས་ཀྱི་དབུ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་བཅས་གནང་ཡོད་པ་རེད། བོད་ཀྱི་རྩ་དོན་རྒྱལ་སྤྱིའི་གནད་དོན་གྱི་སྡིངས་ཆའི་སྟེང་དུ་སླེབས་ཐུབ་པ་བྱ་རྒྱུ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་རྒྱ་ཆེའི་བོད་མི་ཡོངས་ཀྱིས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱིས་ལས་དོན་བྱེད་ཕྱོགས་འཛིན་རྒྱུ་ལས། གྲོས་ཚོགས་ཀྱི་སྟེང་དུ་དཀའ་ངལ་རབ་དང་རིམ་པའི་བར་ཆད་བྱུང་གི་ཡོད་པར་བརྟེན། སྤྱི་འཐུས་ཡོངས་ཀྱིས་ནང་ཁུལ་མཐུན་སྒྲིལ་གྱིས་བོད་སྤྱི་བའི་རྩ་དོན་གྱི་ཆེད་དུ་ནུས་ཤུགས་སྤུངས་ཐུབ་པར་འབད་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་ནང་གི་གནས་སྟངས་དང་བོད་དོན་ཆབ་སྲིད་ཀྱི་དཀའ་ངལ་གྱི་གནས་སྟངས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ངོ་བོ་དང་སྒྲིག་འཛུགས། འཛིན་སྐྱོང་གིས་བོད་དོན་བདེན་མཐའ་སེལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་བདེ་ཐབས་ཀྱི་སྐོར། བོད་ནང་གི་ཆབ་སྲིད་ཀྱི་དཀའ་ངལ་དང་། བོད་ནང་དུ་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་སྲིད་ཇུས་འོག་ནས་སྒོ་རྒྱ་བསྡམས་ཏེ་ཟས་གོས་གནས་མལ་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་སོགས་ཀྱིས་བོད་ནང་གི་ཆབ་སྲིད་ཀྱི་དཀའ་ངལ་ལ་དངོས་སུ་རོགས་རམ་བྱ་རྒྱུའི་གོ་སྐབས་མེད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གཞིར་བཟུང་ང་ཚོས་ཆོས་ཕྱོགས་ནས་དགེ་བ་སྒྲུབ་པ་དང་སྡིག་པ་སྤོང་བའི་ཐོག་ནས། བོད་ནང་གི་བོད་མིིར་སྨོན་ལམ་དང་ཐུགས་སྨོན་གནང་ན་ཕན་གྱི་ཡོད་སྐོར་གསུངས་ཡོད་པ་ལྟར། དེའི་རྒྱ་ཆེ་མང་ཚོགས་དང་སྒྲིག་འཛུགས་སོགས་ཀྱིས་ཐུགས་སྣང་བྱ་དགོས་སྐོར་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་འཐབ་རྩོད་ཀྱི་གནས་བབ་དང་། ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འཕྲད་རྗེས་ཀྱི་རྒྱལ་སྤྱིའི་སྲིད་འབྱོར་རིག་གསུམ་གྱི་འགྱུར་འགྲོས་དེ་དག་གི་ཁྲོད་དུ་བོད་དོན་ཚུད་ཐབས་དང་། བོད་ནང་གི་དཀའ་ངལ་སེལ་ཐབས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་བགྲོ་གླེང་སོགས་སུ་བོད་ཅེས་པའི་མིང་དེ་ཚུད་ཐབས་ལ་འབད་བརྩོན་བྱ་དགོས་པ་སོགས་ཀྱི་སྐོར་ལ་གསུངས་སོང་།
ལས་ཉིན་མཐའ་མའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་པའི་ནང་། འཛིན་སྐྱོང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་རྒྱུར་ཉེན་ཁ་ལ་གདོང་ལེན་གནང་སྟེ་སྐྱོབ་ཐུབ་པའི་ཐབས་ལམ་གང་ཡིན་ལམ་སྟོན་གནང་དགོས་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་གནང་ཕྱོགས་ཀྱང་གནས་སྟངས་ལ་གཟིགས་ནས་ད་མུས་ཇི་བཞིན་ནམ། རང་སྐྱོང་གི་ངོ་བོར་སྒྱུར་རྒྱུ། གཞན་ཇི་འགབ་བཀའ་ཤག་ནས་ཐག་གཅོད་གནང་རྒྱུ། གལ་ཏེ་མུ་མཐུད་གནས་ཐབས་མེད་པའི་ཟློག་མེད་གནས་སྟངས་འགྱུར་ཚེ་དེ་ལུགས་གྲོས་ཚོགས་སུ་སྙན་སེང་གིས་ཐག་གཅོད་ཡོང་ཐབས་དགོས་རྒྱུ་ཞེས་གསལ་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་དེ་ལ་བཟོ་བཅོས་གྲོས་འཆར་ཞིག་ཆེད་འདོན་གནང་སོང་བ་དང་། དེའི་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་སུ་ཚོགས་གཙོ་སྦྲེལ་པོས་བསྐོ་བཙུགས་བྱས་པའི་སྤྱི་འཐུས་གསུམ་དང་། འཛིན་སྐྱོང་གི་བསྐོ་གཏོང་བྱས་པའི་མི་འགྲོ་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་དང་དེ་དག་ཡོང་སྟངས། འགན་འཁུར་ཞུ་ཡུལ་དང་ལས་དོན་བྱེད་ཕྱོགས། འཛིན་སྐྱོང་སྒྲོམ་གཞི། ལས་བྱེད་འདེམས་སྒྲུག་བསྐོ་གཞག་དང་། དེ་དག་གི་ཕོགས་དང་ཐོབ་ཐང་། མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་བཅས་ཀྱི་འགྲོ་ལུགས་བཟོ་བཀོད་འཆར་འབུལ་བྱས་པའི་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ལྔ་པར་འབུལ་ལམ་ཞུ་ཐུབ་པ་བྱེད་དགོས་ཞེས་གསལ་ཡོད།
སྲིད་སྐྱོང་གིས་སྤྱི་འཐུས་རྣམ་པའི་དྲི་བ་དང་དགོངས་ཚུལ་ཁག་ལ་གསལ་བཤད་དང་ལན་འདེབས་སོགས་གནང་རྗེས། ཚོགས་གཙོས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༠ དང་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༣ བཅས་བྱུང་མཐར་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་མཐའ་མའི་གཏན་འབེབས་ཐོག་ཕེབས་ཡོད།
མཐའ་མའི་གཏན་འབེབས་ཀྱི་ལས་རིམ་སྐབས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་དགག་པ་གནང་མཁན་སྤྱི་འཐུས་ ༩ དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༦ བཅས་བྱུང་སྟེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་མཇུག་སྐྱོང་དང་སྦྲགས། སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ལས་གྲུབ་པའི་མི་སྣ་ལྔ་ཅན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། དེ་བཞིན་ལས་བྱེད་འདེམས་སྒྲུག་བསྐོ་གཞག མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་སོགས་ཀྱི་འགྲོ་ལུགས་བཟོས་ཏེ་ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སུ་འབུལ་ལམ་ཞུ་ཐུབ་པ་གནང་གཏན་ཁེལ་བྱུང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།