སྐབས་༡༨ པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་དཀོན་མཆོག་རིན་ཆེན།

མིང། དཀོན་མཆོག་རིན་ཆེན།
ཕ་ཡུལ། འབྲི་རུ།
ད་ལྟའི་སྡོད་གནས། རྡ་ས།
ད་ལྟའི་ལས་གནས། ཁྲིམས་རྩོད་པ།
སྐད་ཡིག་གི་ཤེས་ཚད། དབྱིན་བོད་གཉིས་ཀར་བྱང་ཆུབ་པ།
དཀོན་མཆོག་རིན་ཆེན་ནི་སུམ་པ་ནགས་ཤོད་འབྲི་རུ་ལ་སྐྱེས་། ཕྱི་ལོ༢༠༠༦ ལོར་བོད་ནས་རྒྱ་གར་ལ་འབྱོར། ཐོག་མར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ལ་སློབ་སྦྱོང་བྱས།
སློབ་སྦྱོང་གི་བརྒྱུད་རིམ།
༡ ཕྱི་ལོ་༢༠༡༣ ལོར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་མཐར་ཕྱིན།
༢ ཕྱི་ལོ་༢༠༡༥ ལོར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་འབྱུང་རིག་སྡེ་ཚན་ནས་མཐར་ཕྱིན།
༣ ཕྱི་ལོ་༢༠༡༥ ནས་༢༠༢༡ བར་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་ཁྲིམས་ལུགས་སློབ་གྲྭ་ནས་(Karnataka Law School) ཁྲིམས་ལུགས་རབ་འབྱམས་པ་(BA.LLB) མཐར་ཕྱིན།
༤ ཕྱི་ལོ་༢༠༡༨ ལོར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ལག་འཁྱེར་ཐོབ།
འཐབ་རྩོད་ཀྱི་ཉམས་མྱོང།
༡ སུ་ཇཱ་བོད་ཁྱིམ་སློབ་གྲྭར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་བྱས།
༢ སུ་ཇཱ་བོད་ཁྱིམ་སློབ་གྲྭར་བོད་ནང་གི་གདུང་སེམས་མཉམ་བསྐྱེད་ཆེད་འཛིན་རིམ་བཅུ་པའི་ལས་འགུལ་གྱི་འགན་ཁུར།
༣ ཕྱི་ལོ་༢༠༡༢ ལོ་སློབ་ཕྲུག་བརྒྱ་ལྷག་གིས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་རྡ་ས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས་ཚོགས་གཙོའི་འགན་ཁུར།
༤ སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལ་འོས་འདེམས་བྱུང་བ་ལྟར། ཚོགས་གཙོའི་ལས་འགན་བཞེས་སྐབས་སྦེང་ལོར་ས་གཞོན་དེ་དབུས་གཞོན་ནུ་ལྷན་ཚོགས་སུ་ཟླ་སྒྲིལ་བྱས།
༥ ཕྱི་ལོ་༢༠༡༧ ལོར་དབུས་ས་གཉིས་མཉམ་སྦྲེལ་གྱིས་སྦེང་ལོར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༨ པ་དེ་གོ་སྒྲིག་ཞུས།
༦ ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བྷི་རི་སི་༼BRICS 2016༽ ་ལྷན་ཚོགས་སུ་ཞུགས་པའི་སྐབས་དབུས་བོད་གྱི་གཞོན་ནུ་ལྷན་ཚོགས་དང་སྦེང་ལོར་ས་གནས་གཞོན་ནུ་གཉིས་ཀྱིས་གྷོ་ཝར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ།
༧ སྦེང་ལོར་བོད་ཀྱི་ཁྲིམས་ལུགས་རིག་པའི་ཚོགས་གཙོ་བྱས།
༨ སྦེང་ལོར་ཁྲིམས་ཀྱི་མཐོ་སློབ་(CMR LAW SCHOOL) ལ་གཏམ་བཤད་པ་མཁས་དབང་སྲིད་སྐྱོང་བློ་བཟང་སེང་གེ་གདན་འདྲེན་ཞུས་ཤིང་། སྐབས་དེར་སྦེང་ལོར་ཁྲིམས་ལུགས་རིག་པའི་ཚོགས་པའི་ངོས་ནས་སྲིད་སྐྱོང་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད།
༩ སྦེང་ལོར་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་ཕྲུག་ཚོགས་པའི་རྒྱུན་ལས་དང་། ༼CMR LAW SCHOOL༽ སློབ་ཕྲུག་ཚོགས་པའི་རྒྱུན་ལས་བྱས།
༡༠ རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོའི་སྤྱི་ཁྱབ་འབྲེལ་མཐུད་པ་བྱས།
༡༡ སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པ་བྱས།
༡༢ བོད་ནང་གི་གནས་ཚུལ་དེ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་( HUMAN RIGHTS WATCH) སོགས་སུ་ཁྱབ་བསྒྲགས་དུས་ནས་དུས་སུ་བྱས།
༡༣ རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་དུ་ཁྲིམས་ཁང་ཆེ་ཆུང་ཁག་ལ་ཁྲིམས་ཀྱི་སྦྱོང་བརྡར་ཆེད་ཁྲིམས་རྩོད་པའི་ངོ་བོའི་ཐོག་ནས་མཉམ་ཞུགས་བྱས།
༡༤ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་<<འབྲི་རུར་འགྲོ་བ་མིའི་རིགས་ལ་གནོད་འཚེ་ཕོག་པའི་ཁྲིམས་འགལ་བྱ་སྤྱོད>>་ཅེས་དཔེ་དེབ་དེ་ཉིད་ལོ་ངོ་བཞིའི་རིང་ལ་ཉམས་ཞིབ་ཐོག་མཉམ་ཞུགས་བྱས།
སྤྱི་འཐུས་སུ་ལངས་པའི་དམིགས་ཡུལ།
༡ ༧གོང་ས་མཆོག་དང་། མི་རབས་རྒན་པའི་དགོངས་དོན་ལྟར། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་བདག་དབང་རྩོད་ལེན་གྱི་ཐབས་བྱུས་སྣ་མང་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
༢ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་བཙན་བྱོལ་བོད་མི་སྤྱི་ལ་ཁྲིམས་ལུགས་ཀྱི་དཀའ་ངལ་སེལ་ཐབས་ཅི་ཡོང་དང་། ལྷག་ཏུ་དགྲ་བོ་རྒྱ་ནག་གི་ཁྲིམས་འགལ་བཙན་གནོན་ལ་དུས་ནས་དུས་སུ་ཁྲིམས་གཏུག་གིས་ཐེར་འདོན་བྱ་རྒྱུ།
༣ གུས་རང་ཉིད་བཙན་བྱོལ་ནང་ཤེས་ཡོན་གྱི་གོ་སྐབས་བླ་མེད་ཐོབ་པ་ནི་༧གོང་ས་མཆོག་དང། བོད་ཀྱི་བདེན་དོན་ཆེད་སྐུ་ལས་ཚད་མེད་བསྐྱོན་མཁན་གྱི་མི་རབས་གོང་མ་རྣམ་པའི་མཛད་རྗེས་ཉག་ཅིག་ཡིན་སྟབས། ཁོང་རྣམ་པའི་བཀའ་དྲིན་སྙིང་བཅངས་ཀྱིས་བོད་དོན་བདེན་མཐའ་སེལ་ཕྱིར་མི་ཚེ་ཧྲིལ་པོའི་ནང་བོད་མི་རིགས་ཀྱི་ལས་དོན་ལ་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་བརྟན་པོ་ཡོད།
འབོད་སྒྲ།
ཁྲིམས་ལུགས་དབང་ཚད་གོང་མཐོ།
བོད་ཀྱི་བདག་དབང་རྩོད་ལེན།
ཆིག་སྒྲིལ་སྟོབས་ཤུགས་གོང་སྤེལ།
བོད་ཀྱི་འཐབ་རྩོད་རྒྱུན་གནས།
