སྐབས་གསུམ་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བ་རྣམས་ལ་ཉམས་ཞིབ་རིག་པའི་སྐོར་ཟབ་སྦྱོང་གནང་འདུག
ཟླ་འདིའི་ཚེས་༢ ནས་༥ བར་ཉིན་གྲགས་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྐབས་གསུམ་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བ་བཅོ་བརྒྱད་ལ་ཉམས་ཞིབ་རིག་པའི་སྐོར་ཟབ་སྦྱོང་གནང་འདུག

འདས་པའི་ཉིན་གྲངས་བཞི་རིང་གི་ཟབ་སྦྱོང་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་། ཝར་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་བཅས་ཀྱིས་ཉམས་ཞིབ་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ཟབ་ཁྲིད་གནང་འདུག
ཕྱི་ལོ་༢༠༡༡ ལོར་ཆོས་ཚོགས་ཐེངས་ ༡༡ ཐོག་སྤྱི་ནོར་༸གོང་ས་མཆོག་གིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་ཟབ་གསལ་ལམ་སྟོན་ཇི་སྙེད་ཕེབས་པའི་ཁྲོད། རང་རེའི་ཆོས་བྱེད་སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་རྒྱུའི་ཐོག་ལ་ལས་འགུལ་ཞིག་ངེས་པར་སྤེལ་དགོས་པའི་བཀའ་སློབ་ཕེབས་པའི་དགོངས་དོན། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོར་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཆེ་གྲས་ལྔ་བཅུ་ཙམ་གྱི་སྐུ་ཚབ་ཧྲག་བསྡུས་ཀྱིས་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཞེས་པ་བསྐོང་ཚོགས་བགྱིས་ཏེ་བཀའ་བསྡུར་ཞིབ་ལྷུག་གནང་གྲུབ་མཚམས། དུས་ཡུན་ལོ་བཞི་ཅན་གྱི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ལས་རིམ་ཞིག་གསར་གཏོད་ལག་བསྟར་དང་འབྲེལ། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ བཅས་ལ་སློབ་གཉེར་བ་ཁག་གཉིས་བསྡུ་རུབ་ཀྱིས་སྐབས་དང་པོ་དང་གཉིས་པར་རིགས་གཅིག་རྐང་འཛིན་པ་ཁྱོན་གྲངས་ ༢༠ ཐོན་ཟིན་པ་དང། སྐབས་གསུམ་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས་སྤེལ་བར་སློབ་གཉེར་བ་གྲངས་བཅོ་བརྒྱད་ཀྱི་སྙན་ཞུ་འབྱོར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།