སྐུ་དྲག་གསར་པ་རེད་འདུག་བསམ་པའི་ཚོར་བ་སྦྱིན་གྱི་འདུག

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་༢༠༢༤ ་ཟླ་༣་ཚེས་༡༨ ནས་ཚེས་༣༠ བར་ལས་ཉིན་བཅུ་གཉིས་རིང་འཚོག་རྒྱུ་གཏན་འཁེལ་བྱུང་བ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་༩།༣༠ སྟེང་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་།

ཚོགས་བཅར་བ་རྣམས་ཚང་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་པ་སོགས་གནང་གྲུབ་རྗེས། ལས་རིམ་བཞིན་སྤྱི་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་བབ་ཅིག་ཡིན་པའི་ཆ་ནས་གཙོ་བོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་གཞིར་བཟུང་། བོད་དོན་བདེན་མཐའ་སེལ་ཐབས་སུ་འགན་འཁུར་དང་ཕྱག་ལས་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ལོ་འདིའི་ནང་ཡུ་རོབ་དང་ཨ་རི། གནས་ཡུལ་རྒྱ་གར་བཅས་ཀྱི་ནང་འོས་བསྡུའི་ལས་རིམ་ཤུགས་ཆེན་ཞིག་འགྲོ་བཞིན་ཡོད་པའི་ནང་བོད་དོན་གྱི་གནས་བབ་དེ་བསླེབ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། གོ་སྐབས་དེ་གང་འདྲ་འཛིན་དགོས་པའི་ཐོག་ལ་རྟོག་ཞིབ་གནང་རྒྱུ་གལ་ཆེན་ཡིན་པར་གསུངས་སོང་། དེ་བཞིན་ཁོང་གིས་ཕྱོགས་གཅིག་ནས་བོད་ནང་གི་བོད་མིའི་ཚོའི་སྙིང་སྟོབས་དང་ལྷག་བསམ། བློས་བཏང་ཧ་ལས་པ་དང་བསམ་ཡུལ་ལས་འདས་པའི་གནས་བབ་ཅིག་ཆགས་ཀྱི་ཡོད་པ་དང་། ཕྱོགས་གཞན་ནས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་ནང་ཐུགས་སྣང་གནང་ས་ཞིག་ཆགས་ཡོད་པར་བརྟེན་རྒྱ་གཞུང་གིས་བོད་ཀྱི་གནས་བབ་ལ་སྣང་ཆུང་བཏང་ན་ནོར་འཁྲུལ་ཡིན་པ་ནན་བརྗོད་བྱས་པ་མ་ཟད། ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་བོད་ནང་གི་གནས་སྟངས། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བརྟེན། བོད་ཀྱི་གནས་སྟངས་ཀྱི་ཐོག་ལ་བསྐྱར་ཞིབ་ཅིག་གནང་ནས་བོད་དོན་དཀའ་རྙོག་སེལ་ཐུབ་རྒྱུའི་ཐོག་དགོངས་པ་བཞེས་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་དང་། དེ་བཞིན་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་དང་འབྲེལ། བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དང་སྔོན་རྩིས་གཏན་འབེབས་བཅས་གལ་ཆེ་ཚུལ་དང་སྦྲགས། དེའི་ཐོག་སྤྱི་འཐུས་རྣམ་པས་སྤྱི་ཡོངས་ཀྱི་དགོངས་ཚུལ་སྤུང་ཐུབ་རྒྱུ་དང་། ལོ་འཁོར་ལས་བསྡོམས་ཀྱི་རྒྱུ་ཆ་འདྲ་བོའི་འབྱུང་ཁུངས་འདི། སྔོན་རྩིས་གྲོས་ཚོགས་ཆགས་ཡོད་པས། སྔོན་རྩིས་གྲོས་ཚོགས་ནང་ལས་འཆར་ག་རེ་ཁུར་འདུག དེར་དངུལ་འབོར་ག་ཚོད་འདུག ས་གནས་གང་དུ་ལ་ལས་འཆར་དེ་འགོ་འཛུགས་ཀྱི་འདུག དེ་ཚོ་གསལ་པོ་རྟོགས་ཐུབ་དགོས་རྒྱུའི་གནས་བབ་ཆགས་ཀྱི་ཡོད་པས། དེ་ཚོའི་ཐོག་ལའང་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་དང་། གཞན་ཡང་ཁྲིམས་བཟོའི་ལས་དོན་དང་འབྲེལ་ནས། དེའི་སྐོར་ལ་སྔོན་ཚུད་ནས་གྲ་སྒྲིག་ཡོད་པ་དང་། ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཐོག་ནས། གྲོས་ཚོགས་ཀྱི་ལས་རིམ་གང་འདྲ་ཞིག་ཕེབས་ཀྱང་དེ་ལ་གོ་བསྡུར་ཞིབ་ཚགས་པོ་ཡོང་ཐུབ་པ། དེ་ཡང་དོན་ཕན་ལྡན་པ་ཡོང་ཐུབ་རྒྱུར་རྣམ་དཔྱོད་འདོན་རྒྱུའི་དགོངས་པ་བཞེས་རོགས་སོགས་ལམ་སྟོན་དང་རེ་སྐུལ་གནང་སོང་།

དེའི་རྗེས་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ཐོག་བགྲོ་གླེང་གནང་ཞིང་། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་མ་འོངས་པའི་ལས་འགུལ་སྤེལ་མཁན་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སློབ་མ་ཚོའི་ཆེད་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་དེ་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ནས་ཚོགས་ཐུབ་རྒྱུ་དང་། ཕ་མ་ཚོས་ཕྲུ་གུ་སྒལ་པར་ཁུར་ནས་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་བཀའ་བློན་རྣམ་པ་རླངས་འཁོར་རྫིག་པོའི་ནང་བསྡད་ནས་ལོག་འགྲོ་བ་ནི་སྐུ་དྲག་གསར་པ་རེད་འདུག་བསམ་པའི་ཚོར་བ་སྦྱིན་གྱི་འདུག་པས་མ་འོངས་པ་སྣེ་འཁྲིད་མཁན་ཞིག་ཡིན་པའི་ཆགས་ནས་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ལས་འགུལ་ནང་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུས་སོང་ལ། རྒྱ་གཞུང་གིས་མལ་གྲོ་གུང་དཀར་རྒྱ་མ་ཤང་ལ་གཏེར་ཁ་སྔོག་འདོན་བྱས་པར། བོད་མི་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡང་། ཁ་སང་དེ་རིང་རྒྱ་གཞུང་གིས་ཟངས་གཏེར་མང་ཤོས་དེ་ས་ཁུལ་དེ་ནས་འདོན་གྱི་ཡོད་པར་བརྟེན། ང་ཚོའི་ངོ་རྒོལ་གྱི་ལས་འགུལ་ལ་ནུས་པ་ཐོན་རྒྱུའི་གདེང་ཚོད་ཡོད་མེད་དང་། ཉེ་ཆར་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གྱི་མངའ་སྡེ་བློན་ཆེན་སོགས་དང་མཇལ་འཕྲད་གནང་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཡོད་ན་ཡང་། ད་བར་རྒྱ་གར་གྱི་གྲོས་ཚོགས་ཀྱི་རྭ་བ་དང་མངའ་སྡེ་གྲོས་ཚོགས་བཅས་སུ་གོ་རྒྱུ་ཐོས་རྒྱུ་མེད་པའི་དབང་གིས། རྒྱ་གར་ནང་ལས་འགུལ་དེ་འདྲ་ཞིག་སྤེལ་ན་ཕན་ཐོགས་ཀྱི་ཡོད་དམ་མེད། བོད་དོན་གླེང་སློང་མི་བྱེད་པའི་གནད་འགག་གང་ལ་ཐུག་ཡོད་མེད་སོགས་ཀྱི་ཐོག་ལ་བཀའ་ཤག་ནས་ལམ་སྟོན་དགོས་པའི་དགོངས་ཚུལ་ཡང་གསུངས་སོང་། གཞན་ཡང་། ད་ལྟའི་དུས་སུ་ཨ་རི་དང་ཡུ་རོབ་ནང་རྒྱ་ནག་ལ་ལྟ་སྟངས་འགྱུར་བ་འགྲོ་བཞིན་ཡོད་པ་དང་། རྒྱ་དཀར་ནག་གཉིས་ཀྱི་བར་འབྲེལ་ལམ་བྱེད་སྟངས་སུམ་ཅུ་ཙམ་ཡོད་པ་ཚང་མ་ད་ལྟ་བཅད་ཟིན་པ་སོགས་ཀྱི་དུས་སུ། ང་ཚོའི་སྲིད་བྱུས་ཀྱི་ཐོག་ནས་ནུས་པ་ག་ཚོད་ཐོན་གྱི་ཡོད་མེད་བསྐྱར་ཞིབ་དགོས་རྒྱུ་གལ་ཆེན་ཡིན་པ། རྒྱ་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་དང་ངོ་བོ་མེད་པ་བཟོ་བཞིན་ཡོད་པར་བརྟེན།བཙན་བྱོལ་ནང་མ་བསྐུལ་དང་བླང་གིས་བོད་ཀྱི་སྐད་ཡིག་དང་ངོ་བོ་སྲུང་རྒྱུར་འགན་བཞེས་དགོས་པའི་དགོངས་ཚུལ་དང་།གཞན་ཡང་བོད་ནང་གནས་ཚུལ་འབྱུང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ཐོག་ཏུ་ལས་འགུལ་སྤེལ་བ་དང་ལན་འདེབས་དགོས་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་མིན་བསྐྱར་ཞིབ། ཐབས་བྱུས་ཀྱི་ཚོགས་འདུ་བརྒྱུད་རྒྱ་ནག་དང་འབྲེལ་གང་འདྲ་ཡོད་མེད་དང་། དེ་དག་བརྒྱུད་ནས་འབྲེལ་བ་ཡོང་ཐབས་སོགས་མ་བྱས་ན། འདི་ལྟར་བསྡད་ཚེ་བོད་ནང་དཀའ་ངལ་ཆེན་པོ་ཡོད་ཚུལ་སོགས་གླེང་བ་དང་།

དེ་བཞིན་ལྷག་པར་དུ་ཐེངས་འདིར་ཚོགས་ཐོག་ཏུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་བཀྲོལ་དགོས་པ། བོད་མི་རིགས་རྒྱ་བསྒྱུར་དང་མི་རབས་གསར་པའི་ཀླད་པ་བཀྲུ་བའི་ཐབས་བྱུས་དང་། བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་སོགས་འཕྲལ་དུ་མཚམས་འཇོག་བྱ་དགོས། སྡེ་དགེ་དབོན་པོ་སྟོད་དུ་གློག་ཁང་ཆུ་རགས་འཛུགས་སྐྲུན་ལས་འཆར་འོག་མི་མང་སྟོང་ཕྲག་མང་པོར་བརྡབ་གསིག་གཏོང་བཞིན་པ་གཙོས་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་རགས་གསར་རྒྱག ཁོར་ཡུག་གཏོར་བཅོམ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་པ། རྒྱ་ནག་དམར་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང༌། བྱེས་བཞུགས་བོད་མི་ཚོས་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བཅས་ལ་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དོན་ཚན་བདུན་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་རྗེས་དཔལ་འབྱོར་བཀའ་བློན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༤ ནས་༢༠༢༥ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་བ་དང་། རྩིས་ལོ་༢༠༢༤ ནས་༢༠༢༥ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་རྗེས་སྙན་ཐོར་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།