སྐུ་ཞབས་བྷ་ཌན་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་འདུག

ཨ་རིའི་དབུས་འོས་བསྡུ་ལྷན་ཚོགས་(electoral college) ཀྱིས་གཞུང་འབྲེལ་ཐོག་ནས་འདི་ལོའི་སྲིད་འཛིན་འོས་བསྡུ་ཆེན་མོའི་རྒྱལ་ཁ་མང་གཙོ་ཚོགས་པའི་འོས་མི་བྷ་ཌན་ལ་ཐོབ་པའི་ཁྱབ་བསྒྲགས་བྱས་རྗེས། ཁོང་གིས་ད་ནི་“[ལོ་རྒྱུས་ཀྱི་]ཤོག་ལྷེ་བརྗེ་བའི་དུས་ལ་བབ་ཡོད་”ཅེས་གསུངས་འདུག 

འདི་ལོའི་ཕྱི་ཟླ་༡༡ ཚེས་༣ ཉིན་བསྡུས་པའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་ནང་། མང་གཙོ་ཚོགས་པའི་འོས་མི་བྷ་ཌན་ལ་དབུས་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་མང་བ་བྱུང་ནས་རྒྱལ་ཁ་ཐོབ་ན་ཡང་། ལས་ཐོག་སྲིད་འཛིན་ཊོམ་གྱིས་འོས་བསྡུ་དེའི་ནང་གཡོ་བྱུས་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་བྱུང་ཡོད་སྐོར་བརྗོད་དེ་ཁས་ལེན་མ་གནང་བའི་ཁར། གལ་གནད་ཀྱི་མངའ་སྡེ་ཁག་ལ་ཁྲིམས་གཏུག་གིས་འོས་བསྡུའི་མཇུག་འབྲས་འགྱུར་བ་གཏོང་རྒྱུར་འབད་བརྩོན་བྱས་ཡོད་རུང་། འོས་བསྡུའི་ནང་གཡོ་བྱུས་བཤམས་པའི་དཔང་རྟགས་གསལ་པོ་ཞིག་སྟོན་མ་ཐུབ་པར་བརྟེན། ཕྱི་ཟླ་༡༢ པའི་ཨ་རིའི་ཚེས་༡༤ ཉིན་དབུས་འོས་བསྡུ་ལྷན་ཚོགས་ནས་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་དེ་བྷ་ཌན་ཡིན་པའི་ཁྱབ་བསྒྲགས་བྱས་འདུག 

དབུས་འོས་བསྡུ་ལྷན་ཚོགས་ཀྱི་ཁྱབ་བསྒྲགས་དེའི་རྗེས་སུ། བདམས་ཐོན་སྲིད་འཛིན་བྷ་ཌན་གྱིས་ཐེངས་འདིར་ཨ་རིའི་མང་གཙོ་ལ་ཉེན་ཁ་དང་ཚོད་ལྟ་ཐེབས་ཡོད་ན་ཡང་། དེ་“སྲ་བརྟན་དང་གཡོ་བ་མེད་པ་ཡིན་པ་ར་འཕྲོད་བྱུང་ཡོད་”ཅེས་གསུངས་པའི་ཁར། “མི་མང་གི་མངོན་འདོད་ལ་རྒྱལ་ཁ་ཐོབ་པ་རེད་”ཅེས་བསྣན་ཏེ་སྲིད་འཛིན་ཊོམ་གྱིས་འོས་བསྡུའི་མཇུག་འབྲས་ལ་འགྱུར་བ་གཏོང་ཐབས་བྱས་པར་སྐྱོན་བརྗོད་དྲག་པོ་བྱས་འདུག

ཨ་རིའི་འོས་བསྡུའི་ལམ་ལུགས་ནང་། མི་མང་ཚོས་ཐོག་མར་མངའ་སྡེ་སོ་སོའི་ནང་འོས་འཕངས་ནས་དབུས་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་ཐག་གཅོད་བྱེད་པ་དང་། དེ་ནས་དངོས་གཞིའི་འོས་བསྡུ་ཚར་ནས་བདུན་ཕྲག་འགའ་ཤས་ཕྱིན་པའི་རྗེས་སུ་དབུས་འོས་བསྡུ་ལྷན་ཚོགས་ནས་རྒྱལ་ཁ་སུ་ལ་ཐོབ་པའི་ཁྱབ་བསྒྲགས་བྱས་རྗེས། ད་གཟོད་རྒྱལ་ཁ་ཐོབ་མཁན་དེ་དངོས་སུ་སྲིད་འཛིན་དུ་གཏན་འཁེལ་བ་ཡིན་ཞིང་། ད་ཐེངས་སྐུ་ཞབས་བྷ་ཌན་ལ་དབུས་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་༣༠༦ དང་ཊོམ་ལ་༢༣༢ ཐོབ་འདུག

སྐུ་ཞབས་བྷ་ཌན་གྱིས་ལོ་རྗེས་མའི་ཕྱི་ཟླ་༡ པོའི་ཚེས་༢༠ ཉིན་དངོས་སུ་སྲིད་འཛིན་གྱི་དམ་འབུལ་ཞུ་རྒྱུ་གཏན་འཁེལ་ཡོད་པ་དང་། རྒྱལ་སྤྱིའི་གནས་ཚུལ་དཔྱད་ཞིབ་པ་ཚོས་བྷ་ཌན་སྲིད་གཞུང་གིས་ཕྱི་སྲིད་དང་ནང་སྲིད་གཉིས་ཀའི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་གཏོང་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་ལ། ལྷག་པར་དུ་རྒྱ་ནག་གིས་བྷ་ཌན་དང་ལྷན་དུ་“ཨ་རྒྱའི་སྔར་གྱི་འབྲེལ་བ་བསྐྱར་གསོ་བྱེད་”པའི་རེ་འདོད་འཆང་གི་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།