སྐུའི་གྱ་སྟོན་དང་དགའ་སྐྱོའི་ཚོར་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༨ ཕྱི་ལོ་ ༢༠༡༥/༦/༢༤
སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ཧྲིལ་པོ་༨༠ ལ་ཕེབས་པ་བོད་ཟླ་༥ ཚེས་༥ བོད་ཚེས་ལྟར་གྱི་སྐུའི་འཁྲུངས་སྐར་ཉིན། བོད་མིའི་སྒྲིག་འཛུགས་དང་། རི་བོ་དགེ་ལྡན་པའི་ཆོས་བརྒྱུད། མདོ་སྨད་ཆོལ་ཁ་བཅས་ནས་བརྟན་བཞུགས་རྒྱས་པ་ཞིག་འབུལ་བཞེས་གྲུབ་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གྱ་སྟོན་བསུ་བའི་གཞུང་འབྲེལ་མཛད་སྒོ་རྒྱས་པ་ཞིག་ཀྱང་འཚོགས་སོང། དེའི་ཕྱི་ཉིན་ཕྱི་ཟླ་༦ ཚེས་༢༢ ཉིན་མདོ་སྨད་ཆོལ་ཁའི་གོ་སྒྲིག་འོག་གྱ་སྟོན་བསུ་བའི་མཛད་སྒོ་རྒྱས་པ་ཞིག་སླར་ཡང་གཙུག་ལག་ཁང་གི་མདུན་ཐང་དུ་འཚོགས་པ་སོགས་ཀྱི་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་པའི་བཀའ་སློབ་དང་སྐུ་ཚེ་ཞབས་པར་བརྟན་པའི་ཞལ་བཞེས་བཟང་པོ་ཡང་བསྩལ་སོང་བ་དང། དེ་བཞིན་སྐུའི་འཕྲོད་བཞེས་ཀྱི་ཐོག་ནས་མཇལ་ཡང་སྐུ་གཟུགས་གསལ་ཐང་ཡིན་པའི་རྣམ་པ་ཧ་ཅང་གསལ་བ་ནི་གཞིས་བྱེས་བོད་མི་ཡོངས་རྫོགས་དགའ་འོས་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད།
༧གོང་ས་མཆོག་བོད་མདོ་སྨད་སྐུ་འབུམ་ཡུལ་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་བལྟམས་ཤིང། འཁྲུལ་མེད་རྡོ་རྗེའི་བཀའ་ལུང་དུ་མས་དབུགས་དབྱུང་དང། རྟགས་དང་མཚན་མ་མང་པོ་མངོན་དུ་གྱུར་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཁྲི་གསོལ་མཛད། བོད་ཀྱི་གནས་སྟངས་ཛ་དྲག་ཅན་དུ་གྱུར་པའི་སྐབས་དགུང་གྲངས་བཅུ་དྲུག་ལས་སོན་མེད་ཀྱང། བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་གཙང་བཞེས་མཛད་དགོས་བྱུང་བ་ནི། དགུང་ནའི་བབས་ཀྱི་ཐོག་ནས་ཞུས་ན་ཧ་ཅང་གི་སྐུ་ངལ་ཆེན་པོ་ཞིག་ཕྲག་ཏུ་ལྷུང་པ་རེད། སྐུ་ཚེ་གང་དུ་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་སྐུ་ངལ་རྫོགས་མཐའ་མེད་པ་ཞིག་ལྷུར་བཞེས་མཛད་པ་ནི་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་བསྐྱེད་ལས་བྱུང་བ་ཞིག་ཡིན་ངེས་པ་དང། གཞན་སངས་རྒྱས་ཀྱི་རྗེས་འཇུག་དགེ་སློང་ཞིག་གི་ངོས་ནས་བཤད་ན་དབེན་པའི་རི་སུལ་དུ་སྒྲུབ་པ་ཉམས་བཞེས་ཁོ་ནས་ཞི་བདེ་དོན་གཉེར་མཛད་ན་སྐུ་ངལ་འདི་འདྲ་མང་པོ་ཞིག་ལྷུར་བཞེས་དགོས་དོན་གཏན་ནས་མེད།
འོན་ཀྱང་གང་ཉིད་ཀྱི་བདེ་སྡུག་བློས་བཏང་ནས་དགུང་གྲངས་བརྒྱད་ཅུ་ལ་མ་སོན་གྱི་བར་དུ་ཐུགས་བརྩོན་རྒྱ་ཆེ་མཛད་པ་ནི། འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་བོད་མི་རིགས་ཀྱི་བདེ་སྡུག ཡང་སྒོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་ནས་ཡུན་དུ་དར་བ་བཅས་ཀྱི་ཆེད་དུ་གྱུར་ཡོད། ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་པ་དེ་ཉིད་དགུང་གྲངས་༨༣ དུ་བཞུགས་ཡོད་པ་ལས། དེའི་རྗེས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་འདི་ཉིད་དགུང་གྲངས་མཐོ་ཤོས་སུ་བཞུགས་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་དགུང་གྲངས་༡༡༣ བར་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་སྩལ་ཐོབ་བྱུང་ཡོད་པ་ནི། བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་མ་ཟད། ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་གཟིགས་ནས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་ཆེན་དུ་ཁྲིད་དེ་རང་འགན་རང་གིས་ཁུར་ཐུབ་པ་ཞིག་བྱ་རྒྱུའི་ལམ་སྟོན་མཛད་པ་སོགས། མདོར་ན་སྐུ་ཚེ་གང་དུ་གང་གནང་བ་ཐམས་ཅད་གཞན་དོན་ཁོ་ན་ལས་སྐུ་སྒེར་གྱི་ཁེ་ཕན་ལ་དམིགས་པ་ཞིག་གཏན་ནས་མེད།
བོད་པ་མང་པོ་ཞིག་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་བྲེལ་ཧ་ཅང་ཆེ་དྲགས་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོད་ཀྱང། མི་སྒེར་དང་ཚོགས་སྡེ་སོ་སོའི་ངོས་ནས་རང་ཉིད་དང་འབྲེལ་བའི་མཛད་འཆར་ཁག་དང། མཇལ་ཁ་ཞུ་རྒྱུ་བཅས་ལ་ཨུ་ནན་ཆེན་པོས་ཞུ་བཞིན་ཡོད། གནད་དོན་དེ་དང་འབྲེལ་བའི་ཐོག་ནས་༧གོང་ས་མཆོག་གིས་ད་བར་བཀའ་སློབ་གནང་བ་ཞིག་གོ་ཐོས་མེད་ཀྱང། གྱ་སྟོན་གྱི་གཞུང་འབྲེལ་མཛད་སྒོར་བཀའ་སློབ་བསྩལ་སྐབས་མཛད་འཆར་ཁག་ཅིག་དང་འབྲེལ་ནས་“བླ་རྒན་ལ་ངལ་གསོ་ཅུང་ཙམ་དགོས་ཀྱི་འདུག ང་ཚོ་བོད་པར་དཔེ་ཞིག་ཡོད་པ་རེད། ‘བོང་བུ་འགྲོ་འདེད།’ བོང་བུ་འཁྱར་འཁྱོར་ངང་འགྲོ་དུས་མ་འགྱེལ་བར་དུ་འགྲོ་བསྡད་པ་ཡིན་ན་ཆོ་མི་འདུག” ཅེས་དངོས་སུ་བཀའ་སློབ་གནང་བའི་སྐབས་གསུངས་སོང་བས། གནད་དོན་འདི་དང་འབྲེལ་བའི་ཐོག་ནས་དགའ་ལྡན་ཕོ་བྲང་གྱི་འབྲེལ་ཡོད་ཞབས་ཞུ་བ་རྣམ་པ་དང། གདན་འདྲེན་དང་མཇལ་ཁ་ཞུ་མཁན་ཚང་མའི་ངོས་ནས་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཧ་ཅང་གལ་ཆེ།
མདོར་ན་གོང་དུ་བརྗོད་པ་བཞིན་དགའ་འོས་པའི་གནད་དོན་དེ་དག་དང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ཧྲིལ་པོར་ཕེབས་ཟིན་པའི་ཆ་ནས་བཤད་ན། ཚུར་མཐོང་གི་སྣང་ངོར་མིའི་ཤ་ཚུགས་སུ་བྱོན་པ་ཞིག་ཡིན་པས་གནད་དོན་དེ་དང་འབྲེལ་བའི་ཆ་ནས། བོད་མི་རེ་རེ་བཞིན་སེམས་སྐྱོ་བའི་ཐོག་ནས་རང་གིས་རང་ལ་དྲན་གསོ་དམིགས་བསལ་ཞིག་བྱེད་དགོས་ངེས་སུ་གྱུར་ཡོད། ད་ལྟའི་དུས་འདིར་བོད་པ་ཚང་མས་རང་ཉིད་ཀྱི་འཇོན་ནུས་དང་བསྟུན་ནས་འགན་ཁུར་དགོས་པ་ལས། རང་ཉིད་ཀྱི་འདོད་དོན་འགྲུབ་ཆེད་༧གོང་ས་མཆོག་གི་བཀའ་སློབ་ཡར་འཐེན་མར་འཐེན་བྱས་ནས་བེད་སྤྱོད་ལོག་པར་གཏོང་མི་རུང་བ་དང། ཁ་ཤས་ཀྱིས་སེམས་ཤུགས་ཡོད་མདོག ཁ་ཤས་ཀྱིས་དད་པ་ཆེ་མདོག་གིས་༧གོང་ས་མཆོག་གི་མཚན་སྙན་བེད་སྤྱད་ནས་རང་ཉིད་ཀྱི་འདོད་དོན་འགྲུབ་པར་དྲང་ལྡོག་གང་ཐད་ནས་ཐབས་ཤེས་བྱས་ན། དེ་ནི་དངོས་ཡོད་གནས་ཚུལ་ལ་རྒྱབ་འགལ་དང། ལས་འབྲས་ལ་མ་བརྩིས་པ་ཞིག་ཏུ་གྱུར་ཡོད།།