སྐྱབས་བཅོལ་བའི་གྲོས་མཐུན་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

བྷེལ་ཇེམ་སྲིད་བློན་གྱིས་སྐྱབས་བཅོལ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་རྐྱེན། ཡུལ་མི་སྟོང་ཕྲག་མང་པོས་ཐག་གཅོད་དེར་ངོ་རྒོལ་བྱས་ཏེ་ཉེན་རྟོག་པ་དང་གདོང་ཐུག་བྱུང་བ་དང་། ངོ་རྒོལ་ལས་འགུལ་དེར་ཁ་གཏད་དུ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་མི་མང་གཅིག་སྟོང་ཙམ་ཡང་བྱུང་འདུག

ལོ་ཤས་སྔོན་ནས་ཡུ་རོབ་ནང་སྐྱབས་བཅོལ་བ་ས་ཡ་མང་པོ་སླེབས་ཡོད་པ་དང་། མུ་མཐུད་སླེབས་བཞིན་པ་དང་བསྟུན། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྣམས་ཀྱི་བར་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་སུ་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་ཞིག་བཞག་ཡོད་འདུག དེ་ཡང་འདི་ལོའི་ཟླ་༧ པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་ཨ་རི་ཕུད་པས། རྒྱལ་ཁབ་༡༩༣ བར་གྲོས་མཐུན་དེར་མོས་མཐུན་བྱས་འདུག་ཀྱང་། བདུན་ཕྲག་སྔོན་མར་གྲོས་མཐུན་དེར་དངོས་སུ་མིང་རྟགས་བཀོད་མཁན་རྒྱལ་ཁབ་༡༦༤ ལས་བྱུང་མི་འདུག

བྷེལ་ཇེམ་གྱི་སྲིད་བློན་མཱེ་ཆེལ་གྱིས་གྲོས་མཐུན་དེར་མིང་རྟགས་བཀོད་རྒྱུ་ཐག་གཅོད་བྱས་སྐབས། གྲོས་ཚོགས་ནང་མང་མོས་རྒྱལ་ཁ་ཐོབ་འདུག་ཀྱང་། ཁོང་གི་གཞུང་འཛིན་ཆེད་ཀྱི་ཟླ་སྒྲིལ་ཚོགས་པ་དེ་ནི་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་ཡིན་འདུག་པས། གཞུང་གི་བློན་ཆེན་ལས་གནས་འཛིན་མཁན་ཚོགས་པ་དེའི་ཚོགས་མི་རྣམས་ལས་གནས་ནས་དགོངས་པ་ཞུས་པའི་གནས་ཚུལ་འདུག ཟླ་༡༢ པའི་༡༦ ཉིན་བྷེལ་ཇེམ་གྱི་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་ཚོགས་པ་ཞིག་གི་འགོ་ཁྲིད་ནས། མི་མང་༥༥༠༠ ལྷག་གིས་བྷེལ་ཇེམ་གྱི་རྒྱལ་ས་བྷེ་ར་སེལ་གྱི་ཁུལ་དུ་ཡོད་པའི་ཡུ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་ཆེ་ཁག་གི་ཉེ་ཁུལ་ལ། གྲོས་མཐུན་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

ལས་འགུལ་བ་ཁག་ཅིག་དྲག་པོའི་བྱེད་ལས་ལ་ཞུགས་རྐྱེན། ཉེན་རྟོག་པ་དང་གདོང་ཐུག་བྱུང་འདུག ངོ་རྒོལ་ལས་འགུལ་དེར་ཁ་གཏད་ཀྱི་གྲོས་མཐུན་དེར་རྒྱབ་སྐྱོར་ལས་འགུལ་སྤེལ་མཁན་མི་མང་གཅིག་སྟོང་ལྷག་གཅིག་ཀྱང་བྱུང་འདུག

གྲོས་མཐུན་དེར་ཁྲིམས་ཀྱི་ཐོག་ནས་འགན་འཁྲི་མེད་ཀྱང་། ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་གྲོས་མཐུན་དེ་ལ་བརྟེན་ནས་ཡུ་རོབ་ནང་དུ་སྐྱབས་བཅོལ་བ་མང་དུ་འགྲོ་ཉེན་ཡོད་པ་དང་། བྷེལ་ཇེམ་མི་མང་གི་བསམ་ཚུལ་ལ་མ་བསྟུན་པར་གྲོས་མཐུན་དེར་མིང་རྟགས་བཀོད་པར་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ངོ་རྒོལ་ལས་འགུལ་དེར་ཁ་གཏད་ཀྱིས་གྲོས་མཐུན་དེར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་ཁག་ཅིག་གིས། ངོ་རྒོལ་ལས་འགུལ་སྤེལ་མཁན་དེ་དག་གིས་འཁོན་འཛིན་དང་དབྱེ་འབྱེད་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོ་ནི་དྲག་པོའི་ལས་ལ་འཇུག་མཁན་ཡིན་པས། མི་མང་ལ་གྲོས་མཐུན་དེར་རྒྱབ་སྐྱོར་བྱེད་མཁན་ཡོད་པའི་བརྡ་ལན་སྤྲོད་ཆེད་ཡིན་སྐོར་བརྗོད་འདུག

དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་དང་ཡེ་མན་གཙོས་པའི་རྒྱལ་ཁབ་ཁག་ནང་གི་དམག་འཁྲུག་དང་། དེ་བཞིན་ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ནང་གི་དམག་འཁྲུག་དང་འཚོ་བའི་དཀའ་ངལ་སོགས་ལ་བརྟེན་ནས། ཡུ་རོབ་ནང་དུ་སྐྱབས་བཅོལ་བ་ས་ཡ་མང་པོ་སླེབས་ཡོད་ཁར། མུ་མཐུད་སླེབས་བཞིན་ཡོད་པས། ཡུ་རོབ་རྒྱལ་ཁབ་ཁག་གི་ཆབ་སྲིད་ནང་དུ་སྐྱབས་བཅོལ་བའི་དཀའ་ངལ་ལ་ལངས་ཕྱོགས་འཛིན་སྟངས་དེ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད།

ཡུ་རོབ་ནང་གི་ཆབ་སྲིད་པ་མང་པོས་སྐྱབས་བཅོལ་བར་བཀག་སྡོམ་གྱི་ལྟ་བ་འཛིན་བཞིན་ཡོད་པ་ལྟར། ཟླ་བ་འདིའི་ནང་རྒྱལ་མཚམས་མེད་པའི་སྨན་པའི་ལྷན་ཚོགས་ཀྱིས། ཨི་ཊ་ལིའི་གཞུང་དང་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་ནས། མཚོ་ཐོག་ནས་ཨི་ཊ་ལིར་སླེབས་བཞིན་པའི་སྐྱབས་བཅོལ་བ་རྣམས་ལ་ཉེན་སྐྱོབ་བྱེད་པའི་ལས་འགུལ་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་པ་དང་། ཧན་གྷེ་རི་ཡིས་སྐྱབས་བཅོལ་ཞུ་མཁན་ལ་རོགས་པ་བྱེད་པ་ཁྲིམས་འགལ་བཟོས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།