སྐྱབས་བཅོལ་ལག་དེབ་མེད་མཁན་བོད་མི་༩༥༥ ཡི་དཀའ་ངལ་སེལ་ཐུབ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༧ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ་སྐད་ཡིག་གསུམ་ལྡན་གྱི་གཞུང་འབྲེལ་གསར་གནས་མཉེན་ཆས་Tibet.net App དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་གནང་བ་དང་བསྟུན། སྲིད་སྐྱོང་བློ་བཟང་སེང་གེས་བོད་མི་སྐྱབས་བཅོལ་ལག་དེབ་(RC) མེད་མཁན་ཚོས་ད་ལྟ་གསར་བཟོ་ཆོག་གི་ཡོད་སྐོར་གསུངས་སོང་།
སྲིད་སྐྱོང་གིས་དེའི་སྐོར་ལ་གསུང་དོན། བལ་ཡུལ་དང་འབྲུག་ནས་ཡིན་པའི་བོད་པའི་སློབ་ཕྲུག་ཁག་དང་། རྒྱ་གར་བཅས་ནས་ཁྱོན་བོད་མི་༩༥༥ ལ་སྐྱབས་བཅོལ་ལག་དེབ་མེད་པའི་དཀའ་འཕྲད་དེ། དེའི་སྐོར་གྲོས་ཚོགས་ནང་དུའང་ལབ་གླེང་བྱུང་ཡོད་སྐོར་དང་། ད་ཐེངས་རྒྱ་གར་གཞུང་ནས་དེ་དག་ཚང་མར་སྐྱབས་བཅོལ་ལག་དེབ་བཟོ་རྒྱུར་བཀའ་འཁྲོལ་ཐོབ་ནས་བཟོ་བཞིན་ཡོད་སྟབས་དོ་བདག་སོ་སོས་སོ་སོའི་སློབ་གྲྭ་དང་། ས་གནས་ཁག་བཅས་ལ་འབྲེལ་བ་བྱས་ནས་སྐྱབས་བཅོལ་ལག་དེབ་ལེན་ཐབས་བྱེད་དགོས་སྐོར། ས་གནས་ཁག་ཅིག་ནས་སྐྱབས་བཅོལ་ལག་དེབ་བཟོ་བར་དུས་ཡུན་གང་འཚམ་འགོར་གྱི་ཡོད་སྟབས། བཀའ་འཁྲོལ་ཐོབ་འདུག་ཟེར་བ་དང་སྐྱབས་བཅོལ་ལག་དེབ་སྤྲད་དགོས་པར་བརྗོད་ནས་ལས་ཁུངས་ཁག་ལ་རྩོད་པ་རྒྱག་མི་རུང་བ་དང་། རིམ་པས་ཚང་མར་རག་གི་ཡོད་སྐོར། རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན་སྐོར་བཅས་གསུངས་སོང་།
དེ་བཞིན་ཁོང་གིས། སྐྱབས་བཅོལ་ལག་དེབ་མེད་མཁན་མི་༩༥༥ མ་ཡིན་པའི་གཞན་ད་དུང་ཡོད་ཚེ་དེ་དག་ལ་གནས་སྐབས་རིང་རག་རྒྱུ་ཁག་པོ་ཡིན་པ་དང་། དེའི་རྒྱུ་མཚན་ལོ་གཅིག་ཙམ་གྱི་སྔོན་དུ་རྒྱ་གར་ལ་ཡོད་པའི་བོད་མི་སྐྱབས་བཅོལ་ལག་དེབ་མེད་མཁན་སུ་ཡོད་མེད་ཐད་གསལ་བསྒྲགས་ཐེངས་མང་བྱས་པ་དང་། སློབ་གྲྭ་ཁག་དང་གཞིས་ཆགས་ཁག་ལ་ཡི་གེ་བསྐུར་ནས་མིང་ཐོ་བསྡུ་རུབ་ཡང་ཡང་བྱས་ཏེ། རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་བ་བཞིན་བཀའ་འཁྲོལ་ཐོབ་ཡོད་པ་ཞིག་ཡིན་སྟབས། ད་དུང་སྐྱབས་བཅོལ་ལག་དེབ་མེད་མཁན་ཁག་ཅིག་ཡོད་པ་ཚོས་ཏོག་ཙམ་སྒུག་དགོས་ཀྱི་ཡོད་སྐོར་དང་། དེ་དག་གིས་བདེ་སྲུང་ལ་སྙན་ཞུ་འབུལ་ཆོག་ཀྱང་རག་རྒྱུར་ཏོག་ཙམ་འགོར་སྲིད་སྐོར་བཅས་གསུངས་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
