སྙན་དེབ་ཟ་རི་ཟི་རེ་དབུ་འབྱེད།

ཟླ་འདིའི་ཚེས་༡ ཉིན་གྱི་ཕྱི་དྲོ་དྷ་ས་མེག་གྷན་དུ་ཡོད་པའི་ནོར་བུ་གསོལ་མགྲོན་ཁང་དུ་རྩོམ་པ་པོ་བུ་ཆུང་ལྡུམ་ར་བསོད་ནམས་ཀྱིས་བོད་ཡིག་ཐོག་བརྩམས་པའི་སྙན་དེབ་ཟ་རི་ཟི་རི་ཚིགས་བཅད་རྐང་ཆག་བདག་མེད་ཁྱིའི་ངུ་སྐད་ཅེས་པ་དབུ་འབྱེད་བྱས་ཡོད་པ་རེད།

སྙན་དེབ་དེ་ནི་ཚག་བར་དྲུག་ཅན་ཁོ་ན་ཡིན་པའི་ཤོ་ལོ་ཀ་ཉིས་བརྒྱ་མ་ཟིན་ཙམ་ཡོད་པ་དང་། ལེ་ཚན་ལྔ་རུ་དབྱེ་བའི་དང་པོ་དགའ་རོགས་སྐོར། གཉིས་པ་ཆང་། གསུམ་པ་ཕ་ཡུལ། བཞི་པ་སྟོང་པ། ལྔ་པ་ཆལ་ལེ་ཆོལ་ལེ་བཅས་ཡིན་པ་རེད། ཁོང་གིས་དེབ་དེ་འདོན་དགོས་པའི་དམིགས་ཡུལ་ནི། ཚག་བར་དྲུག་མ་དེ་སྔོན་ནས་བོད་པའི་མཁས་དབང་ཚོས་རྩོམ་སྲོལ་ཆེན་པོ་ཡོད་པ་མ་ཟད། གཞི་རིམ་མང་ཚོགས་ཀྱི་ནང་དུ་གཞས་དང་། ཟུར་ཟ། འཕྱ་སྨོད་བྱེད་པ་སོགས་ཀྱི་ནང་དར་སྲོལ་ཆེན་པོ་ཡོད་པ་དང་། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞོན་སྐྱེས་ཚོའི་བོད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་པས། ཚང་མས་དོ་སྣང་ཡོང་ཆེད་གོ་བདེའི་ལམ་ནས་བྲིས་པ་ཞིག་ཡིན་པ། དེ་བས་དེབ་དེ་བཀླགས་རྗེས་གཞོན་སྐྱེས་ཚོ་སོ་སོར་དེབ་དེ་ལས་ཡག་པ་ཞིག་འབྲི་ཐུབ་ས་རེད་སྙམ་པའི་སྤོབས་པ་ཡོང་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་ལ། ཚང་མས་དེབ་དེ་བཀླགས་ནས་རྩོམ་དེ་འདྲ་འབྲི་རོགས་ཞེས་འབོད་སྐུལ་བྱས་སོང་།

རྩོམ་པ་པོ་བུ་ཆུང་ལྡུམ་ར་བསོད་ནམས་ཀྱིས་དུས་རྒྱུན་ཡིག་བསྒྱུར་དང་། རྩོམ་ཡིག་མང་ཆེ་བ་དབྱིན་ཡིག་ཐོག་འབྲི་ཡི་ཡོད་པ་དང་། ད་སྔ་བར་དཔྱད་བརྗོད་དང་སྙན་ངག་དེབ་ལྔ་པར་སྐྲུན་ཟིན་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།