སྟོབས་ཆེན་རྒྱལ་ཁབ་༢༠ ཚོགས་ཆེན་རྗེས་རྒྱ་གར་དང་ཁེ་ན་ཌའི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་འདུག
ཟླ་འདིའི་ཚེས་༩ ནས་༡༠ བཅས་ཉིན་གྲངས་གཉིས་ཀྱི་རིང་། རྒྱ་གར་གྱི་གཙོ་སྐྱོང་འོག་རྒྱལ་ས་ལྡི་ལི་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་ཚོགས་ཡོད་པ་དང་། སྐབས་དེར་ཁེ་ན་ཌའི་སྲིད་བློན་ཡང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད་འདུག་པ་དང་། ཁེ་ན་ཌའི་སྲིད་བློན་གྱིས་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་ལྷན་ཕྱོགས་གཉིས་ཀྱི་བར་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན་ཡང་རྒྱ་གར་གྱིས་ཁས་ལེན་བྱས་མེད་པར་བརྟེན། ཚོགས་བཅར་དུ་ཕེབས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་ལ་རྒྱ་གར་གཞུང་འབྲེལ་གྱིས་གསོལ་སྟོན་བཤམས་ཡོད་ཀྱང་། གསོལ་སྟོན་ཐོག་ཁེ་ན་ཌའི་སྲིད་བློན་མཉམ་ཞུགས་བྱས་མེད་པ་མ་ཟད། གོ་ལ་ཧྲིལ་པོའི་སྐྱེ་ལྡན་བུད་རྫས་མཐུན་ཚོགས་འགོ་འཛུགས་སྐབས་སུ་ཡང་ཁེ་ན་ཌའི་སྲིད་བློན་མཉམ་ཞུགས་གནང་མེད་པ་རེད། ལྷག་པར་དུ། ལྷན་ཚོགས་གྲོལ་རྗེས་ཁེ་ན་ཌའི་སྲིད་བློན་ཕྱིར་ལོག་དུས་གནམ་གྲུ་ལ་དཀའ་ངལ་འཕྲད་ནས་རྒྱ་གར་གྱི་ས་ཐོག་ཏུ་ཆུ་ཚོད་༣༦ རིང་ལྷག་ཡོད་ཀྱང་། ཁོང་ཉིད་རྒྱུན་ལྡན་གྱི་ཡུལ་སྐོར་བ་ལྟར་མགྲོན་ཁང་ཞིག་ཏུ་བསྡད་ཡོད་པ་ལས་རྒྱ་གར་གཞུང་གིས་ཁོང་ལ་འབྲེལ་བ་ཙམ་ཡང་བྱས་མེད་པ་རེད་འདུག ཐེངས་འདིར་ཁོང་ཉིད་རྒྱ་གར་དུ་སྟོབས་ཆེན་རྒྱལ་ཁབ་ཀྱི་ལྷན་ཚོགས་ལ་བཅར་ནས་ངོ་ཚ་བོ་དང་ཁ་སྐྱེངས་པོ་བྱུང་ཡོད་འདུག

ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་གཞུང་གིས་ཁེ་ན་ཌའི་ས་ཐོག་ཏུ་རྒྱ་གར་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་འཇུག་གི་འདུག་ཅེས་བརྗོད་ནས། ཕྱོགས་གཉིས་ཀྱི་བར་རང་མོས་ཚོང་ལས་གླེང་མོལ་(Free Trade talk) བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༨ ཉིན་ཁེ་ན་ཌའི་སྲིད་འཛིན་གྱིས་གྲོས་ཚོགས་སུ་ལོ་འདིའི་ཕྱི་ཟླ་༦ པའི་ནང་བྱུང་བའི་མི་གསོད་དོན་རྐྱེན་དེ་རྒྱ་གར་གཞུང་དང་འབྲེལ་བ་ཡོད་སྲིད་པའི་གཏམ་བཤད་གནང་བའི་རྗེས། ཁེ་ན་ཌའི་གཞུང་གིས་མི་གསོད་དོན་རྐྱེན་གྱི་ཐོག་ལ་རྟོག་ཞིབ་ཀྱིས་གྲུབ་འབྲས་གང་ཞིག་རག་རྒྱུ་ཡིན་མིན་ལ་མ་ལྟོས་པར། ཟླ་འདིའི་ཚེས་༡༩ ཉིན་ཁེ་ན་ཌའི་གཞུང་གིས་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཞིག་ཕྱིར་འཕུད་བཏང་ཡོད་འདུག
དེའི་ལན་དུ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གར་དུ་ཡོད་པའི་ཁེ་ན་ཌའི་ཆེས་མཐོའི་སྐུ་ཚབ་(Cameron Mackay) ཕྱི་སྲིད་ལས་ཁུངས་ལ་སྐད་བཏང་ཞིང་དུས་ཡུན་སྐར་མ་བཞི་ཙམ་གྱི་རིང་བཀའ་མོལ་གནང་རྗེས། རྒྱ་གར་གཞུང་གིས་ཁོང་ཉིད་ཉིན་ལྔའི་ནང་རྒྱ་གར་ནས་ཐོན་དགོས་པའི་བཀའ་བཏང་ཡོད་འདུག ད་ལྟའི་ཆར་རྒྱ་གར་གྱིས་ཁེ་ན་ཌའི་མི་སེར་ལ་ཐོངས་མཆན་སྤྲད་རྒྱུ་ཉུང་དུ་བཏང་ཡོད་འདུག ཁེ་ན་ཌའི་ནང་རྒྱ་གར་བ་ས་ཡ་༡.༤ ཙམ་ཡོད་ཅིང་། གལ་སྲིད་ཁེ་ན་ཌས་རྒྱ་གར་ནས་ཡོང་མཁན་ཉུང་དུ་བཏང་ན། ཁེ་ན་ཌའི་ལས་མི་དང་དཔལ་འབྱོར་ལ་གྱོང་གུན་ཕོག་གི་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་ཁེ་ན་ཌའི་སྲིད་བློན་ནི་ཆབ་སྲིད་པ་ཞིག་ཡིན་ཞིང་། ཁེ་ན་ཌའི་ནང་པན་ཇབ་སིག་གི་མི་འབོར་ཧ་ཅང་མང་བས། ཁེ་ན་ཌའི་སྲིད་བློན་གྱིས་ཁོང་ཚོ་ལ་རྒྱབ་སྐྱོར་བྱས་ནས་ཐེངས་རྗེས་མའི་སྲིད་བློན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཐབས་བྱེད་བཞིན་ཡོད་རེད་ཅེས་རྗོད་བཞིན་འདུག
ཡང་གནས་ཚུལ་དབྱེ་ཞིབ་པ་ལ་ལས། ཁེ་ན་ཌའི་ནང་རྒྱ་གར་བ་མང་པོ་ཡོད་པ་དང་ལྷག་པར་དུ་ཕྱོགས་གཉིས་བར་དངོས་ཟོག་ཉོ་ཚོང་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡག་ཏུ་ཕྱིན་ཡོད་ན་ཡང་། ཉེ་བའི་ལོ་ཁ་ཤས་ནང་། ཁེ་ན་ཌའི་གཞུང་གིས་པན་ཇབ་རང་བཙན་ལས་འགུལ་བ་རྣམས་གསོ་སྐྱོང་བྱེད་ཀྱི་འདུག་ཅེས་རྒྱ་གར་གྱིས་སྐྱོན་བརྗོད་དང་། ཁེ་ན་ཌས་རྒྱ་གར་གྱིས་ཁེ་ན་ཌའི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་འདུག་ཅེས་ཉེས་འཛུགས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་ཅིང། ལྷག་པར་དུ་ཉེ་ཆར་ཁེ་ན་ཌའི་སྲིད་འཛིན་གྱི་སྐད་ཆས་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་བཏང་ཡོད་པས། འབྲེལ་བ་བསྐྱར་གསོ་བྱེད་རྒྱུ་ལས་སླ་བོ་མ་རེད་ཅེས་རྗོད་བཞིན་འདུག
ཁེ་ན་ཌའི་ནང་སིག་མི་གྲངས་འབུམ་༧.༧ ལྷག་ཡོད་པ་དང་རྒྱ་གར་ཕུད་པའི་སིག་མི་འབོར་མང་ཤོས་ཡོད་ས་ཞིག་ཆགས་ཡོད་འདུག འདས་པའི་ལོ་མང་རིང་རྒྱ་གར་གྱིས་ཁེ་ན་ཌའི་མི་སེར་ཡིན་པའི་སིག་རྣམས་ཀྱིས་པན་ཇབ་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གླེང་སློང་ཡང་ཡང་བྱས་ཡོད་འདུག་ཀྱང་། ཕྱི་ལོ་༢༠༡༥ ལོར་(Trudeau) ཁེ་ན་ཌའི་སྲིད་བློན་གྱི་གོ་གནས་བཟུང་རྗེས། སིག་ཡིན་པའི་འཐུས་མི་བཞི་བློན་ཆེན་ལ་བསྐོ་བཞག་བྱས་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་ཐོག་མ་དེ་དུས་ཕྱིན་ཡོད་འདུག
ད་ལྟའི་ཆར་རྒྱ་གར་དང་ཁེ་ན་ཌའི་གནད་དོན་ཐོག་ཨ་རིས་ཀྱང་སེམས་ཚབ་བྱེད་བཞིན་ཡོད་པ་དང་། ཨ་རི་དང་ཁེ་ན་ཌ་གཉིས་ནི་མཐུན་ཕྱོགས་རྒྱལ་ཁབ་ཡིན་ཞིང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཇ་ཅང་ལེགས་ཀྱང་། གནས་ཚུལ་དབྱེ་ཞིབ་པ་ཚོས། ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་རྒྱ་གར་དེ་གལ་ཆེན་ཆགས་ཀྱི་ཡོད་པས། ཨ་རིས་རྒྱ་གར་ལ་དོ་ཕོག་གཏོང་མི་སྲིད་པ་རེད་ཅེས་རྗོད་བཞིན་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ་བློ་བཟང་རྒྱ་མཚོ།
