སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་པུ་ཀྲེན་ལ་མཚམས་འདྲི་བྱས་འདུག
ཨུ་རུ་སུས་ཨ་རིའི་འོས་བསྡུ་ལ་ཐེ་བྱུས་བྱས་པའི་རྙོག་གླེང་འགྲོ་བཞིན་ཡོད་པ་དང་། ཨུ་རུ་སུའི་ནང་འོས་བསྡུ་དྲང་བདེན་ངང་ཕྱིན་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས། པུ་ཀྲེན་ལ་སྲིད་འཛིན་བསྐྱར་དུ་འདེམས་ཐོན་བྱུང་བར་མཚམས་འདྲི་གནང་འདུག
དེ་ཡང་ཟླ་༣ པའི་ཚེས་༡༨ ཉིན་ཨུ་རུ་སུའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཁྲོད། པུ་ཀྲེན་ལ་འོས་གྲངས་བརྒྱ་ཆ་༧༦ ལས་མང་བར་ཐོབ་སྟེ། སྲིད་འཛིན་དུ་སྐབས་བཞི་པར་སླར་ཡང་འདེམས་ཐོན་བྱུང་ཡོད་འདུག པུ་ཀྲེན་ལ་ཁ་གཏད་གཅོག་ཐུབ་མཁན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་གཙོ་བོ་ནཱ་ཝལ་ནཱེ་ལ་ཉེས་འཛུགས་ཤིག་གི་ཐོག་ནས་འོས་མིར་ལངས་སུ་བཅུག་མེད་པས། རྒྱལ་སྤྱིའི་ཐོག་འོས་བསྡུ་དེ་ནི་དྲང་བདེན་ཞིག་མིན་པར་ངོས་འཛིན་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རང་དབང་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྲིད་འཛིན་པུ་ཀྲེན་ལ་མཚམས་འདྲི་ཞུས་ཡོད་པ་རེད་འདུག
ཟླ་༣ པའི་ཚེས་༢༠ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་པི་ཀྲེན་ལ་ཁ་པར་བཏང་ནས་མཚམས་འདྲི་གནང་སྐོར་དང་། རྗེས་སུ་ཁོང་གཉིས་མཇལ་འཕྲད་བྱས་ཏེ་ཕྱོགས་གཉིས་བར་མཚོན་ཆ་མཁོ་སྒྲུབ་ཀྱི་འགྲན་སྡུར་དང་། སི་རི་ཡའི་གནད་དོན་སོགས་ཀྱི་ཐོག་ལ་གྲོས་མོལ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། ཨུ་རུ་སུས་ཨ་རིའི་འོས་བསྡུའི་ནང་ཐེ་བྱུས་བྱས་པ་དང་། ཉེ་བའི་ཆར་དབྱིན་ཡུལ་ནང་གསང་མྱུལ་བ་ཞིག་ཨུ་རུ་སུས་གསོད་ཐབས་བྱས་པའི་གླེང་རྙོག་སྐོར་གང་ཡང་གླེང་སློང་བྱས་མེད་པས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་མེག་ཁེན་གྱིས་“ཨ་རིའི་སྲིད་འཛིན་ཞིག་གིས་སྲིད་དབང་སྒེར་གཅོད་པ་ཞིག་གིས་དྲང་བདེན་མིན་པའི་འོས་བསྡུར་རྒྱལ་ཁ་བླངས་པར་མཚམས་འདྲི་བྱས་པ་དེ་ནི། རང་དབང་ཅན་གྱི་རྒྱལ་ཁབ་ཚོས་འགོ་ཁྲིད་སྟངས་ཤིག་མིན། སྲིད་འཛིན་ཊོམ་གྱིས་པུ་ཀྲེན་ལ་དེ་ལྟར་བྱས་པ་དེས། རང་དབང་དང་དྲང་བདེན་གྱི་འོས་ཤོག་འཕེན་དུ་བཅུག་མེད་པའི་ཨུ་རུ་སུའི་མི་སེར་རྣམས་དང་། པུ་ཀྲེན་གྱི་སྒེར་གཅོད་སྲིད་གཞུང་ལ་ངོ་རྒོལ་དང་ཁ་གཏད་གཅོག་མཁན་ཨུ་རུ་སུའི་རྒྱལ་ཞེན་པ་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་རེད་”ཅེས་བརྗོད་འདུག
འཇར་མན་གྱི་སྲིད་བློན་ལྕམ་མཱེར་ཀེལ་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཁོངས་ནས། སྲིད་འཛིན་པུ་ཀྲེན་ལ་མཚམས་འདྲི་ཞུ་མཁན་དང་པོའི་གྲས་ཡིན་འདུག་པ་དང་། མོས་པུ་ཀྲེན་ལ་མཚམས་འདྲི་དང་སྦྲགས། ཕྱོགས་གཉིས་བར་དང་རྒྱལ་སྤྱིའི་ནང་གི་དཀའ་ངལ་ཁག་སོགས་སེལ་ཆེད་གྲོས་མོལ་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག་པ་དང་། ཧྥ་རན་སིའི་སྲིད་འཛིན་མཱེར་ཁོན་གྱིས་པུ་ཀྲེན་གྱིས་ཨུ་རུ་སུ་དེང་རབས་ཅན་དུ་སྒྱུར་བའི་ལས་འཆར་ལ་གྲུབ་འབྲས་ཐོན་པའི་རེ་སྨོན་བྱས་ཏེ། ཉེ་བའི་ཆར་དབྱིན་ཡུལ་དུ་ཨུ་རུ་སུས་གསང་མྱུལ་བ་ཞིག་བསད་ཡོད་པའི་ཉེས་འཛུགས་ཐོག་གསལ་བཤད་དགོས་པའི་རེ་སྐུལ་བྱས་ཡོད་འདུག དེ་བཞིན་ཡུ་རོབ་མཐུན་ཚོགས་ནས་ཀྱང་མཚམས་འདྲི་བྱས་ཡོད་འདུག ཕྱི་ལོ་༡༩༩༩ ལོ་ནས་ད་བར་པུ་ཀྲེན་གྱིས་སྲིད་བློན་དང་སྲིད་འཛིན་གྱི་ལས་ཐོག་ནས་ཨུ་རུ་སུའི་འགོ་ཁྲིད་བྱས་ཡོད་འདུག་པ་དང་། ཐེངས་འདིའི་རྒྱལ་ཁ་ལ་བརྟེན་ནས་ཁོང་གིས་ལོ་དྲུག་བསྐྱར་དུ་སྲིད་འཛིན་ལས་ཁུར་བྱ་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།